འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་བོད་ལྗོངས་ཆིང་ནུའོ་ཚན་རྩལ་གསོ་སྦྱོང་གླིང་དུ་ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལག་ལེན་གསར་གཏོད་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་ཏང་ཕྱིའི་འཐུས་མིའི་ལས་དོན་གྱི་མཉམ་ཞུགས་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་འཛིན་གྱིས་གསུང་བཤད་གནང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེ་ཚོགས་འདུར་ཞུགས།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འཕྲིན་ལས་དབྱངས་ཅན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།
བསྟན་འཛིན་གྱིས་ནན་བཤད་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་། རིམ་ཁག་ཚན་པ་ཁག་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤེལ་བའི་འགན་འཁྲི་ནན་འཁུར་བྱས་ནས་དུས་རབས་གསར་པའི་བླང་བྱ་དང་མཐུན་པ་དང་། ལྷོ་ཁའི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ། ཏང་ཕྱིའི་མི་སྣའི་ཁྱད་ཆོས་དང་མཐུན་པ་བཅས་ཀྱི་ལས་དོན་སྒྲུབ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཏང་ཕྱིའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས།
བསྟན་འཛིན་དང་བསོད་ནམས་རྡོ་རྗེས་རྟེན་གཞིའི་སྒོ་བྱང་ཕྱེ་གནང་བ་དང་། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐུས་མི་གསུམ་གྱིས་སྤེལ་རེས་གཏམ་བཤད་བྱས་པ། གྲོང་ཁྱེར་ཡོངས་ཀྱི་ཏང་ཕྱིའི་འཐུས་མི་དང་དེ་བཞིན་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཞུགས་ཡོད་པ་རེད།