(པར་ངོས་དང་པོར་མཐུད) ལོ་ལྔ་ཚན་བཅུ་གསུམ་པའི་རིང་མཐའ་མཚམས་ས་ཁུལ་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་འཆར་འགོད་ནང་གི་རྣམ་གྲངས་གྲས་ཤིག་ཡིན་ཞིང་། དེར་སྤྱིའི་མ་འཇོག་སྒོར་ཁྲི་1682.07བྱས་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་20112.66ཡོད་པ་དང་དྲོད་ཁང་ནང་ཁང་མིག་ཆེ་གྲས་བསྡོམས་80ཡོད། དེ་མིན་དྲོད་ཁང་རྟེན་གཞིའི་ནང་དོ་དམ་ཁང་དང་། མཛོད་ཁང་། ལྕགས་རི། ཆུ་འདྲེན་སྦུག་ལམ། གློག་མཁོ་འདོན་སོགས་ཞོར་གཏོགས་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་ཐག་ཆོད་ཡོད་པ་རེད།
བཀྲ་མཐོང་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་ཨང་དང་པོ་ཆོས་འབྱོར་གྱིས་ངོ་སྤྲོད་བྱས་དོན། མིག་སྔར། སྔོ་ཚལ་དྲོད་ཁང་རྟེན་གཞིས་ཀྲེ་པུའུ་དང་། ཁེ་ལས། དེ་བཞིན་མང་ཚོགས་བཅས་ཕན་ཚུལ་ཁེ་ཕན་མཉམ་སྦྲེལ་ཅན་གྱི་དཔེ་གཞིའི་ཐོག་ནས་འཁོར་རྒྱུག་བྱེད་ཀྱི་ཡོད་པ་དང་། གྲོང་ཚོའི་ཏང་ཀྲེ་པུའུ་ཡིས་དྲོད་ཁང་གི་འཁོར་རྒྱུག་དང་དོ་དམ་ལ་ལྟ་སྐུལ་བྱེད་འགན་འཁུར་བ་དང་། ཁེ་ལས་ཀྱིས་ཞིབ་ཕྲའི་དོ་དམ་དང་ཐོན་རྫས་ཕྱིར་འཚོང་གི་འགན་འཁུར་བ། མང་ཚོགས་ཀྱིས་སྔོ་ཚལ་འདེབས་འཛུགས་དང་རྒྱུན་གཏན་དོ་དམ་གཅེས་སྐྱོང་གི་ལས་ཀའི་འགན་འཁུར་གྱི་ཡོད། རྟེན་གཞིས་རྫོང་གྲོང་ནང་གི་ཐད་འཚོང་དང་མངགས་ཉོའི་ཐབས་ལམ་བརྒྱུད་ནས་ས་བབ་མཐོ་བའི་རྫོང་གྲོང་སྟེ། མཚོ་སྣ་རྫོང་གི་ལས་བྱེད་ལས་བཟོ་པ་དང་སྦྱོར་ར་ཤང་སློབ་ཆུང་གི་སློབ་ཕྲུག དེ་བཞིན་ཉེ་འཁོར་གྱི་གྲོང་མི་བཅས་ལ་གོང་ཁེ་བའི་སྔོ་ཚལ་སོས་པ་མཁོ་འདོན་བྱེད་ཀྱི་ཡོད།
ལོ་ཡར་བསླེབས་སོང་ན། ཕྱི་ཕྱོགས་སུ་གླ་པར་རྒྱུག་ག་ལ་ཐུབ། ད་ལྟའི་ཆར་དྲོད་ཁང་འདི་ཡོད་པས། རང་ཉིད་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་རག་པ་མ་ཟད། ཟླ་རེར་ལས་གླ་སྒོར་3500ལེན་རྒྱུ་ཡོད། ལས་སོས་ཀྱང་ཡང་པོ་འདུག་ཅེས་ལས་སྒྲུབ་མི་སྣ་ཀུན་བཟང་བདེ་སྐྱིད་ཀྱིས་དགའ་དགའ་སྤྲོ་སྤྲོས་དེ་ལྟར་གླེང་།
མིག་སྔའི་བར། བཀྲ་མཐོང་གྲོང་ཚོའི་ཚད་གཞི་མཐོ་བའི་སྔོ་ཚལ་དྲོད་ཁང་རྟེན་གཞིས་ས་གནས་དེ་གའི་མང་ཚོགས་མི་གྲངས་11གི་ལས་ཞུགས་ལ་སྣེ་ཁྲིད་བྱས་ཡོད་པ་མ་ཟད། ད་དུང་ལོ་ལྟར་བཀྲ་མཐོང་གྲོང་ཚོའི་ས་ཞིང་གི་བོགས་གླ་སྒོར་ཁྲི་25སྤྲོད་ཀྱི་ཡོད་པས། གྲོང་ཚོའི་མཉམ་སྡེབ་འབབ་འཕར་མངོན་འགྱུར་ལ་སྐུལ་འདེད་ཡག་པོ་བཏང་ཡོད་པ་རེད།