(པར་ངོས་དང་པོར་མཐུད) འདམ་ཆུའི་ངོས་སྙོམས་འབིགས་འཕྲུལ་ཏེ། “ཀྲི་ཅང་རྟགས་ཅན”དེ་ཉིད་ཀྲེ་ཅང་ཀྲུང་གོ་ལྕགས་ལམ་ལས་གྲྭ་སྒྲིག་ཆས་ཚད་ཡོད་ཀུང་སིས་བདེ་བླག་ངང་བཟོས་ཡོད། ཀྲུང་གོ་ལྕགས་ལམ་ལས་གྲྭ་སྒྲིག་ཆས་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲའོ་ཧྭ་ཡིས་ངོ་སྤྲོད་བྱས་པར། ཚངས་ཐིག་ཐོག་སོ་5ཡོད་པའི་ཁང་པ་དང་ཧ་ལམ་མཚུངས་པ་དང་། རིང་ཚད་ལ་ཧ་ལམ་སྨི་120ཡོད་པ། ལྗིད་ཚད་ཏུན་4300ཡོད་པ་བཅས་ཀྱི་འབིགས་འཕྲུལ་ཧ་ཅང་ཆེན་པོ་དེ་ལས། ཧང་ཀྲོའུ་ཀྲི་ཅང་ལམ་གྱི་ཆུ་འདྲེན་མདོང་ལམ་དང་དེ་བཞིན་འགྲོ་ལམ་མཐོར་གཏོང་ལས་གྲྭའི་ཁྲོད་ནུས་པ་གལ་ཆེན་ཐོན་རྒྱུ་རེད།
ཟླ་4པའི་ཚུན་དུ། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མའི་དུས་མཚུངས་ལས་འཕར་ཚད་ལོ་གཉིས་ཆ་སྙོམས་བྱས་ན་6.8%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.6མགྱོགས་སུ་ཕྱིན་ཡོད། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལོ་གཉིས་ཆ་སྙོམས་བྱས་ན་ལོ་གོང་མའི་དུས་མཚུངས་ལས་11.2%དང་11.6%སོ་སོར་འཕར་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ཚང་མ་ལས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད། ལྗང་མདོག་ཐཱན་ཉུང་གི་རིག་ནུས་རྣམ་པའི་ཐོན་རྫས་གསར་པའང་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཅིང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་བཟོ་ལས་འཕྲུལ་མི་ཐོན་ཚད་ལོ་གཉིས་ཆ་སྙོམས་བྱས་ན་འཕར་ཚད་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
དགོས་མཁོ་མུ་མཐུད་ཆེ་རུ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཆེ་རུ་ཕྱིན་པ། འདི་ལོའི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་དུ་སྐྱོད་མཁན་མི་ཐེངས་ཧ་ལམ་དུང་ཕྱུར་1.02ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་144.6%འཕར་བ་དང་། དངུལ་ཁང་མཉམ་འབྲེལ་དྲ་རྒྱའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་9036ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་3.6%འཕར་བ་ལ་སོགས། འཛད་སྤྱོད་ཀྱི་གསོན་ཤུགས་ཁྲོད་ནས་ཀྲུང་གོའི་དཔལ་འབྱོར་གྱི་དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས་མངོན་གྱི་ཡོད།
འཛད་སྤྱོད་ཚུད་པའི་ནང་མཁོ་མུ་མཐུད་རྒྱ་ཆེར་ཕྱིན་པ་ནི་ཟླ་4པའི་དཔལ་འབྱོར་འཁོར་རྒྱུག་གི་བཀྲག་མདངས་འཚེར་ས་གཙོ་བོ་ཞིག་རེད། ཟླ་4པར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལོ་གཉིས་ཆ་སྙོམས་བྱས་ན་ལོ་གོང་མའི་དུས་མཚུངས་ལས་4.3%འཕར་ནས་བརྟན་པོའི་ངང་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་བཞི་པའི་བར་དངོས་པོ་དང་ཚོང་ཟོག་གི་དྲ་ཐོག་སིལ་ཚོང་བསྡོམས་འབོར་ལོ་གཉིས་ཆ་སྙོམས་བྱས་ན་ལོ་གོང་མའི་དུས་མཚུངས་ལས་15.6%འཕར་བ་དེ་ཟླ་དང་པོ་ནས་གསུམ་པ་བར་ལས་བརྒྱ་ཆའི་གྲངས་0.2མགྱོགས་སུ་ཕྱིན་ཡོད། ཟླ་དང་པོ་ནས་བཞི་པ་བར་དུ་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད་ལོ་གཉིས་ཆ་སྙོམས་བྱས་ན་ལོ་གོང་མའི་དུས་མཚུངས་ལས་3.9%འཕར་བ་དེ་ཟླ་དང་པོ་ནས་གསུམ་པ་བར་ལས་བརྒྱ་ཆའི་གྲངས་1མགྱོགས་སུ་ཕྱིན་ཡོད། ཁེ་ལས་ཀྱིས་སྔོན་དཔག་བྱས་པར་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱི་PMIདང་ཞབས་ཞུའི་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་གཉིས་ཀ་ཟླ་14བསྟུད་མར་འགྱུར་མཚམས་ཚིགས་ཡན་རྒྱུན་འཁྱོངས་ཐུབ་པ་མ་ཟད། ཁེ་ལས་ཀྱི་གསོན་ཤུགས་ཀྱང་མུ་མཐུད་ཆེ་རུ་སོང་ཡོད།
ལས་ཞུགས་སྤྱིར་ན་བརྟན་པོ་བྱུང་བ་དང་ལས་ཀ་ཤོར་ཚད་བརྟན་པོའི་ངང་ཆག་པ། ཧྥུའུ་ཅན་དུ་ལས་ཞུགས་རྣམ་པ་གསར་པའི་སྟབས་བསྟུན་ལས་ཞུགས་ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་ཤིང་། ལས་ཞུགས་རྣམ་པ་གསར་པའི་ཁེ་ལས་15ཡིས་སྡེབ་སྐྱེལ་བ་དང་། མཛོད་ཁང་དོ་དམ་པ། མངགས་ཐོ་ལེན་མཁན་སོགས་ཀྱི་ལས་གནས་སྣ་ཚོགས་5549བསྟན་པ་དང་། མཚོ་སྔོན་གྱིས་མི་དང་ལས་གནས་གནད་སྨིན་འབྲེལ་མཐུད་ལས་སྟེགས་བཏོད་ནས“ལས་གནས་མཁོ་སྤྲོད་གསལ་ཐོ”དང“ལས་ཞུགས་འདོད་མཐུན་གྱི་དགོས་མཁོའི་གསལ་ཐོ”གཉིས་གནད་སྨིན་ཟླ་སྒྲིག་བྱས་པ་དང་། ཧུའུ་ནན་གྱིས“ཧུའུ་ནན་དུ་གྲགས་གཏོད་གསུམ”གྱི་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་ཤིང་། 2023ལོའི་ལོ་མཇུག་ཏུ་སླེབས་སྐབས་མི་ཐེངས་ཁྲི་36ཡན་ལ་ལས་གཏོད་གསོ་སྦྱོང་བྱ་རྒྱུ་དང་། ལས་གཏོད་ཁག་ཐེག་དངུལ་བུན་སྒོར་དུང་ཕྱུར་120ཡན་གཏོང་མང་དུ་གཏོང་རྒྱུ། མི་ཁྲི་6ཡན་ལ་ལས་གཏོད་བྱ་རྒྱུར་རྒྱབ་སྐྱོར་ཐུབ་པའི་བརྩོན་ལེན་བྱ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་པ་རེད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་བྱུང་བ་དང་ཆབས་ཅིག ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་སོང་ནས་རང་རྒྱལ་གྱི་ལས་ཞུགས་སྤྱིར་ན་བརྟན་པོ་བྱུང་ཞིང་། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་437གསར་དུ་ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་རྒྱ་སྤྱིར་ན་ཆེ་རུ་སོང་ཡོད། ཟླ་4པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་ཐོ་འགོད་བྱེད་ཚད་5.1%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་པ་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.9ཆག་པ་དང་། གྲོང་ཁྱེར་ཆེ་གྲས་31གི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་ཐོ་འགོད་བྱེད་ཚད་5.2%ཟིན་པ་དེ་ཟླ་3པ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད། ལས་ཞུགས་ཀྱི་མི་ཚོགས་གཙོ་བོར་བལྟས་ན། ལོ་25ནས་59བར་གྱི་ལས་ཞུགས་མི་འབོར་གཙོ་བོར་བརྟག་དཔྱད་བྱས་པའི་ལས་ཤོར་ཐོ་འགོད་བྱེད་ཚད་4.6%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད།
“སྤྱི་ཡོངས་ནས་བལྟས་ན། ཟླ་4པར་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་བྱ་ཚུལ་བརྟན་ཁྲོད་སྲ་བརྟན་དང་བརྟན་ཁྲོད་ལེགས་འཕེལ་བྱུང་ཡོད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧྥུའུ་ལིང་ཧུའེ་ཡིས་བཤད།