(པར་ངོས་དང་པོར་མཐུད) རྒན་བསོད་ནམས་རྡོ་རྗེའི་སྐོར་གླེང་དུས། རྫོང་ཞོལ་གྲོང་ཚོའི་གྲོང་མི་ཚོས་ཁོང་ལ་བསྟོད་ར་མི་གཏོང་མཁན་གཅིག་ཀྱང་མེད།
དེའང་རྒན་བསོད་ནམས་རྡོ་རྗེ་ནི་ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོའི་མི་ཡིན། 1989ལོར་སློབ་འབྲིང་ཐོན། སྐབས་དེ་དུས། རྫོང་སློབ་གསོ་ཅུད་ཀྱིས་ཚབ་འཁྲིད་དགེ་རྒན་བསྡུ་བཞིན་ཡོད་པས། ཁོང་གིས་མིང་ཐོ་སྐྱེལ་ཏེ་ཡིག་རྒྱུགས་འཕྲོད། དུས་དེ་ནས་བཟུང་། ཁོང་གི་སློབ་འཁྲིད་བྱ་བ་འགོ་ཚུགས་ཤིང་། སྔ་རྗེས་སུ་རྒྱང་ཐང་གྲོང་ཚོའི་སློབ་འཁྲིད་ས་ཚིགས་དང་། ཆུ་མདོ་རྒྱང་ཤང་གི་ཆ་ཚང་སློབ་ཆུང་། རྨ་རོ་གྲོང་ཚོའི་སློབ་འཁྲིད་ས་ཚིགས། རྫོང་ཞོལ་གྲོང་ཚོའི་སློབ་འཁྲིད་ས་ཚིགས་བཅས་སུ་ཚབ་འཁྲིད་དགེ་རྒན་གནང་མྱོང་།
ཚབ་འཁྲིད་དགེ་རྒན་གནང་བའི་ལོ་དེ་དག་ནང་། ཁོང་གིས་ཤང་གྲོང་གི་སློབ་གསོའི་བྱ་གཞག་ཆེད་སེམས་ནུས་ཡོད་རྒུ་བཏོན་གནང་བ་དང་། ཤང་གྲོང་བུ་ཕྲུག་ལ་བརྩེ་བ་དུ་མ་གནང་མྱོང་།
འོན་ཀྱང་། ཕྲུ་གུ་3གྱི་ཕ་ཡིན་པའི་བསོད་ནམས་རྡོ་རྗེའི་ངོས་ནས་བརྗོད་ན། སློབ་འཁྲིད་བྱ་བའི་རྐྱེན་གྱིས་ཁྱིམ་གྱི་འཁུར་བུ་ཡོངས་རྫོགས་ཁོང་གི་བཟའ་ཟླའི་ཕྲག་ཐོག་ཏུ་ལྷུང་། དེའི་སྟེང་ཟླ་རེའི་གླ་ཕོགས་དམའ་ཞིང་། ཁྱིམ་གྱི་དཔལ་འབྱོར་ཆ་རྐྱེན་ཡག་པོ་དེ་ཙམ་མེད་པས། ཁྱིམ་ལ་ལོག་རིམ་བཞིན་བཟའ་ཟླས་ཁོང་ཚབ་འཁྲིད་དགེ་རྒན་བྱེད་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད།
གནས་ཚུལ་དེའི་རྐྱེན་པས། 2007ལོར་ཁོང་གིས་ལས་ཀ་ནས་དགོངས་པ་མི་ཞུ་ཀ་མེད་བྱུང་། དེ་ནས་ལོ་6ཙམ་གྱི་དུས་ཡུན་ནང་། བསོད་ནམས་རྡོ་རྗེས་གྲོང་ཚོའི་གྲོང་མི་གཞན་དང་མཉམ་དུ་ཞོར་ལས་ལ་བསྐྱོད་ཅིང་། བཟའ་ཟླས་ཁྱིམ་ལ་ཞིང་ལས་བྱས་ནས་བསྡད། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་འོག་བསོད་ནམས་རྡོ་རྗེའི་ཁྱིམ་གྱི་འཚོ་བ་ཉིན་རེ་བཞིན་མ་བསྡད་པར་ཡར་རྒྱས་ཆེན་པོ་བྱུང་། ཁོང་གི་བུ་ཕྲུག་སློབ་གྲྭར་གཏོང་རྒྱུར་ཀྱང་དཀའ་ཁག་དེ་ཙམ་མི་བྱུང་། འོན་ཀྱང་བསོད་ནམས་རྡོ་རྗེའི་ངོས་ནས་བརྗོད་ན། སེམས་སྐྱིད་པོ་དེ་ཙམ་མེད།
ཁོང་གིས་སློབ་འཁྲིད་ས་ཚིགས་ཀྱི་སྙིང་ནས་གཅེས་པའི་བུ་ཕྲུག་དེ་དག་སེམས་ནས་བློས་གཏོང་བྱེད་ཐབས་བྲལ།
བསོད་ནམས་རྡོ་རྗེས་སློབ་གྲྭའི་སྒོ་འགྲམ་ནས་བརྒྱུད་འགྲོ་རིམ་བཞིན། སྒོ་འགྲམ་དུ་ཁུ་སིམ་མེར་ལངས་ཏེ་བྲལ་མི་ཕོད་པའི་རྣམ་འགྱུར་བསྟན་གྱི་འདུག་ཅེས་ཁོང་གིས་བཟའ་ཟླས་གསར་འགོད་པར་བཤད།
ཁོང་གིས་སློབ་འཁྲིད་བྱ་བར་དགའ་མོས་དེ་ལྟར་ཡོད་པ་བཟའ་ཟླས་ཤེས་རྗེས། མཐར་བཟའ་ཟླས་ཁོང་མུ་མཐུད་ནས་ཚབ་འཁྲིད་དགེ་རྒན་བྱེད་རྒྱུར་མོས་མཐུན་བྱས།
བསོད་ནམས་རྡོ་རྗེས་བརྗོད་དོན། སློབ་འཁྲིད་བྱ་བ་ནི་ངའི་མི་ཚེར་ཆེས་དགའ་ཤོས་ཀྱི་ལས་རིགས་ཤིག་ཡིན། སྙིང་ནས་གཅེས་པའི་བུ་ཕྲུག་ཚོ་དང་མཉམ་དུ་སྡོད་རྒྱུ་བྱུང་ན། འདི་ཆེས་དགའ་སྣང་ལྡན་པ་ཞིག་རེད་ཅེས་གསུངས།
2013ལོར། བསོད་ནམས་རྡོ་རྗེ་བསྐྱར་དུ་དགེ་རྒན་གྱི་ལས་གནས་ཐོག་སླེབས་ཤིང་། རྫོང་ཞོལ་གྲོང་ཚོའི་སློབ་འཁྲིད་ས་ཚིགས་ཀྱི་ཚབ་འཁྲིད་དགེ་རྒན་ཞིག་ཆགས།
སྔར་སོང་རྫོང་ཞོལ་གྲོང་ཚོའི་སློབ་འཁྲིད་ས་ཚིགས་ཀྱི་སློབ་ཁང་ལ་སྒེའུ་ཁུང་ཡང་མེད། 2008ལོར་རྫོང་སྲིད་གཞུང་གིས་མ་དངུལ་བཏང་སྟེ་སློབ་གྲྭ་གསར་བསྐྲུན་བྱས་པས། བུ་ཕྲུག་ཚོའི་སློབ་སྦྱོང་ཁོར་ཡུག་ཡག་ཏུ་སོང་ཡོད་ཅེས་བསོད་ནམས་རྡོ་རྗེས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་གསར་འགོད་པར་བརྗོད།
རྫོང་ཞོལ་གྲོང་ཚོར་ཐེམ་དུད་ཁྱོན་སྒོ་གྲངས་97དང་མི་གྲངས་495ཡོད་ཅིང་། སློབ་ལོ་ལོན་པའི་བུ་ཕྲུག་དེ་ཙམ་མེད། སློབ་འཁྲིད་ས་ཚིགས་འདིར་བུ་ཕྲུག་མང་ཤོས་ཀྱི་དུས་སུ་བུ་ཕྲུག་15ལས་མེད་རུང་། རྒན་བསོད་ནམས་རྡོ་རྗེ་ལགས་ཀྱིས་སློབ་འཁྲིད་ལས་དོན་ལ་ཧོལ་རྒྱུག་རྩ་བ་ནས་བཏང་མི་མྱོང་། ཁོང་གིས་བསླབ་གཞིའི་ནང་གི་བོད་སྐད་ཡིག་དང་། རྒྱ་ཡིག གྲངས་རིག་སོགས་ཀྱི་ནང་དོན་ཆད་ལུས་མེད་པར་སློབ་འཁྲིད་གནང་བའི་རྨང་གཞིའི་སྟེང་། ད་དུང་བུ་ཕྲུག་ཚོར་ཡ་རབས་གུས་ཞབས་དང་། གླུ་གཞས། ཞབས་བྲོ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད། ཁོང་གིས་སློབ་མ་ཚོའི་ཤེས་བྱ་རྒྱ་སྐྱེད་ཐུབ་ཆེད་ལོ་མང་ནང་འབད་འཐབ་ལྷོད་མེད་གནང་ཡོད་པས། སློབ་ཕྲུག་གི་ཡིག་རྒྱུགས་སྦྱངས་འབྲས་ཤང་ཧྲིལ་པོའི་མདུན་གྲལ་དུ་སླེབས།
ད་ཆ་ཟླ་རེའི་གླ་ཕོགས་སྒོར་3000ལྷག་ཙམ་ལ་འཕར་ཡོད། དགེ་རྒན་ཞིག་གི་ངོས་བརྗོད་ན། ངས་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ། ཤང་གྲོང་གི་སློབ་གསོའི་བྱ་གཞག་ཆེད་རང་ནུས་ཡོད་རྒུ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསོད་ནམས་རྡོ་རྗེས་བརྗོད།
གྲོང་མི་བསོད་ནམས་སྒྲོལ་དཀར་གྱི་བུ་དང་བུ་མོ་གཉིས་པ་རྫོང་ཞོལ་གྲོང་ཚོའི་སློབ་འཁྲིད་ས་ཚིགས་སུ་སློབ་གྲྭར་བསྐྱོད་བཞིན་ཡོད། ཁོང་གཉིས་པོ་སློབ་གྲྭར་མ་བསྐྱོད་གོང་ངོ་ཚ་སྨིན་པོ་ཡོད་པས་མི་གཞན་ལ་སྐད་ཆ་ལས་སླ་པོར་ཤོད་ཀྱི་མེད། ད་ལྟའི་ཆར། བུ་དང་བུ་མོས་རང་འགུལ་ངང་གཞན་ལ་འཚམས་འདྲི་བྱེད་ཐུབ་པ་མ་ཟད། གུས་ཞབས་བྱེད་ལུགས་ཀྱང་ཤེས། འགྱུར་ལྡོག་དེ་འདྲ་བྱུང་བ་བསོད་ནམས་སྒྲོལ་དཀར་གྱིས་མཐོང་དུས། སེམས་གཏིང་ནས་རྒན་བསོད་ནམས་རྡོ་རྗེ་ལགས་ཀྱི་བཀའ་དྲིན་ཚོར་གྱི་ཡོད་པ་རེད།
རྫོང་ཞོལ་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་སྐལ་བཟང་ཟླ་བས་བརྗོད་དོན། རྒན་བསོད་ནམས་རྡོ་རྗེས་གྲོང་ཚོའི་སློབ་འཁྲིད་ས་ཚིགས་སུ་ཕྱག་ལས་གནང་ནས་ལོ་མང་པོ་སོང་། འོན་ཀྱང་ཁོང་གིས་ད་བར་དགོངས་པ་ཞུ་མྱོང་མེད། བློ་གཅིག་སེམས་གཅིག་གིས་སློབ་འཁྲིད་བྱ་གཞོལ་བ་མ་ཟད། བུ་ཕྲུག་ཚོ་ལ་ཡང་འགན་ཡག་པོ་འཁུར་གནང་གི་འདུག་པས། སློབ་གྲྭར་ང་ཚོས་སེམས་ཁྲལ་བྱེད་དགོས་མེད་ཅེས་གསུངས།
རྫོང་ཞོལ་གྲོང་ཚོར་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ཀྱི་སྨི་4470ཡོད་ཅིང་། ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་ས་ཆ་གཞན་དང་བསྡུར་ན་དེ་ཙམ་ཡག་པོ་མེད། ཡིན་ནའི་རྒན་བསོད་ནམས་རྡོ་རྗེས་འདི་གར་ལོ་ངོ་23གྱི་སློབ་འཁྲིད་བྱ་བ་མཐའ་འཁྱོངས་གནང་། དེའི་ཐོག་ནས་ཁོང་གིས་ཤང་གྲོང་གི་སློབ་གསོའི་བྱ་གཞག་ལ་དགའ་ཞེན་ཇི་ཙམ་ཡོད་པ་མཚོན་ཐུབ།