(པར་ངོས་དང་པོར་མཐུད) གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ཕྱོགས་གཅིག་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པ་དང་ཐག་ཉེ་ས་དང་སྟབས་བདེ་ས་རང་ས་རང་ཡུལ་དང་མི་འབྲལ་བ་དང་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་འབྲེལ་བ་དང་། དབུལ་སྐྱོར་གནས་སྤོས་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཆེ་རྔམ་ཕུགས་གཉེར་མི་བྱེད་པ། འབྲོག་ལས་འཚམ་སར་འབྲོག་ལས་དང་། ནགས་ལས་འཚམ་སར་ནགས་ལས། ཞིང་ལས་འཚམ་སར་ཞིང་ལས། ཚོང་གཉེར་འཚམ་སར་ཚོང་གཉེར། ཐོན་ལས་ཀྱི་དགོས་མཁོར་དམ་པོར་གཞིགས་པ། ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ། “རྫོང་རེར་སྤུས་རྟགས་རེ”འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོ་རང་ས་རང་ཡུལ་དང་མི་འབྲལ་བར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་གཞིགས་ནས་ས་གནས་ཁག་གིས་འཐུང་ཆུའི་བདེ་འཇགས་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་སྤེལ་རིང་གནས་པའི་ཧེ་བག་དང་དཀའ་ངལ་གསལ་རྟོགས་བྱེད་པ་དང་། གནད་སྨིན་ཇུས་འདོན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས།
གཉིས་ནས་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ་དག་ཐེར་ལ་དམ་འཛིན་མཐའ་གཅིག་ཏུ་ཡག་པོ་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ། དོན་དངོས་ལ་གཞིགས་པ། སྐོར་གཟིགས་ཚུར་ལན་གནད་དོན་གྱི་དག་ཐེར་དོན་འཁྱོལ་ལས་དོན་ལ་ཆད་ལུས་མེད་པར་དམ་འཛིན་ཡག་པོ་བཅས་བྱས་ཏེ་དོན་དག་ཚང་མ་དོན་འཁྱོལ་དང་བརྡ་ལན་གསལ་པོ་ཡོད་པའི་འགན་ལེན་བྱེད་དགོས།
གསུམ་ནས་ཚད་གཞི་དང་གོ་རིམ་ནན་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱེད་དགོས། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་ལ་མཐའ་འཁྱོངས་བྱེད་པ་དང་། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟ་བུའི་བྱ་བ་མང་ཙམ་སྒྲུབ་པ་དང་། གཡང་རྩེའི་སྟེང་ལ་ཡས་སྒྲོན་གྱི་བྱ་བ་ཉུང་ཙམ་བསྒྲུབས་ནས་དོན་དངོས་དང་མི་འབྲལ་བ་དང་། ཚད་གཞི་མཐོར་གཏོང་། ལྟོགས་རྔམ་སློང་བ་བཅས་བྱས་ནས“ཕན་བདེའི་རྒྱ་རྙི”དང“གཡང་སའི་ནུས་འབྲས”ཀྱི་གནད་དོན་མི་ཐོན་པ་བྱེད་དགོས་ལ། དབུལ་སྒྲོལ་རྫུས་མ་དང་། ཚད་གཞི་དམའ་རུ་གཏོང་བ། ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པ། མི་དམངས་ཀྱི་ཡིད་ཆེས་ཤོར་བ་བཅས་ཀྱང་བྱེད་རྒྱུ་མེད། དབུལ་སྒྲོལ་གྱི་ཚད་གཞི་དང་། གོ་རིམ། དཔྱད་བསྡུར་ཞིབ་བཤེར་བཅས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དབུལ་སྒྲོལ་དངོས་འབྲེལ་ཐུབ་པའི་འགན་ལེན་བྱེད་པ་དང་། དབུལ་སྒྲོལ་ཞྭ་འཕུད་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་མི་དམངས་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལམ་སྲོལ་བཙུགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་དང་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་ཡག་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་དགོས།
བཞི་ནས་དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་བྱེད་དགོས། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། བསམ་བློའི་གནད་དོན་ཀྱང་ཐག་གཅོད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་དམིགས་པ་དང་ཆབས་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་དྲིལ་བསྒྲཊ་ཤུགས་ཆེན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་གསར་པ་དང་། འཕེལ་རྒྱས་གསར་པ། འཚོ་བ་གསར་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཏང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོས་སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་དང་། མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ནས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་པོའི་རྣམ་པར་འགྱུར་ལྡོག་བཏང་སྟེ་དེང་གི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ལྔ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགན་ཁུར་ལས་སྒྲུབ་ལ་སྐུལ་ལྕག་བྱེད་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་འཛུགས་སྐྱོང་གི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་དབུལ་སྐྱོར་ལས་དོན་ནན་ཏན་དང་། དབུལ་སྒྲོལ་བརྒྱུད་རིམ་ཏན་ཏིག དབུལ་སྒྲོལ་གྲུབ་འབྲས་ངོ་མ་བཅས་ཡོང་བའི་འགན་ལེན་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་བློ་མཐུན་གྱིས་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་གནས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་སྣེ་ཁྲིད་དེ་བཅོས་སྒྲིག་བྱེད་པ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་པ་དང་། སྟབས་བདེ་དང་ཕན་པ་མང་ཚོགས་ལ་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་ལེན་དང་། གཞི་རིམ། མང་ཚོགས་བཅས་ལ་དོན་འཁྱོལ་ཡོང་བ་བཅས་བྱས་ནས་མང་ཚོགས་དབུལ་པོའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་པར་སྒྲུབ་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ཁུར་པོ་ཡང་དུ་གཏོང་བ་དང་འགན་འཁྲི་ནན་དུ་བཏང་སྟེ་གཞི་རིམ་གྱི་ལས་བྱེད་པའི་སེམས་ནུས་དེ་བས་མང་བ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་འཇོག་པའི་འགན་ལེན་བྱེད་དགོས།
དྲུག་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ། རིམ་པ་བཞིན་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་སྤེལ་སྟངས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། རྩ་འཛུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབ་སྲིད་ཀྱི་འཇོན་ཐང་མངོན་གསལ་དོད་དུ་བཏང་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱས་ནས་རྒྱ་ཆེའི་ཏང་ཡོན་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་ཁྲིད་སྟོན་བྱེད་དགོས།