འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས།མཚོ་སྣ་རྫོང་མི་དམངས་སྨན་ཁང་གིས་གསར་དུ་བཙུགས་པའི་མི་དམངས་ཉེན་རྟོག་པའི་སྐར་ཁུང་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་པ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པས་མི་དམངས་ཉེན་རྟོག་པའི་ལག་ཁྱེར་བསྟན་ནས་སྔོན་ལ་སྤ་སེ་བཀག་པ་དང་སྨན་བཅོས་བྱ་ཆོག་གི་ཡོད་རྐྱེན། མི་དམངས་ཉེན་རྟོག་པར་ནད་ཕོག་པ་དང་རྨས་སྐྱོན་ཕོག་པར་བརྟེན་ནས་སྐྱོབ་བཅོས་བྱེད་པའི་ཐོཌ་མེད་བགྲོད་ལམ་བཏོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་གི་བྱས་རྗེས་འཇོག་པའི་མཉམ་སྡེབ་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མི་དང་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཉེན་རྟོག་པར་དམིགས་བསལ་གཟིགས་སྐྱོང་བྱེད་པའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས། རྫོང་དེའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱ་ཆེད། མཚོ་སྣ་རྫོང་སྤྱི་བདེ་ཅུས་ཀྱིས། 《ལྗོངས་སྤྱི་བདེ་ཐིང་དང་། ལྗོངས་དམངས་སྲིད་ཐིང་། ལྗོངས་ནོར་སྲིད་ཐིང་། ལྗོངས་མི་སྤྱི་ཐིང་། ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན། བོད་རང་སྐྱོང་ལྗོངས་མི་དམངས་སྤྱི་བདེ་ལས་ཁུངས་བཅས་ཀྱི་མི་དམངས་ཉེན་རྟོག་པའི་ནད་གཞི་སྐྱོབ་བཅོས་ཀྱི“ཐོགས་མེད་བགྲོད་ལམ”གྱི་ལག་བསྟར་བསམ་འཆར》གཞིར་བཟུང་། “མི་དམངས་ཉེན་རྟོག་པ་དང་སྨན་ཁང་མཉམ་ལས”བྱེད་པའི་ལམ་སྲོལ་གསར་པ་དོན་འཁྱོལ་བྱས་པ་དང་། མཚོ་སྣ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲོད་བསྟེན་ཅུས་དང་མཐུན་སྦྱོར་བྱས་ནས། རྫོང་མི་དམངས་སྨན་ཁང་དུ་མི་དམངས(ལས་རོགས)ཉེན་རྟོག་པར་སྨན་བཅོས་བྱེད་པའི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་པ་རེད། ་ཉེན་རྟོག་པར་དམིགས་བསལ་གཟིགས་སྐྱོང་བྱས་ནས་ཉེན་རྟོག་པ་དང་སྨན་ཁང་མཉམ་ལས་དོན་འཁྱོལ་བྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་། ཉེན་རྟོག་པ་དང་སྨན་ཁང་མཉམ་ལས་བྱེད་པ་ནི་སྤྱི་ཚོགས་ཞི་བདེ་བརྟན་ལྷིང་གི་སྤྱི་ཡོངས་དང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་རེད།
འདི་ནི་མི་དམངས་ཉེན་རྟོག་པ་དང་སྨན་པས་ཞབས་ཞུའི་སྐར་ཁུང་དུ་མི་དམངས་ཉེན་རྟོག་པའི་སྐར་ཁུང་མཚོན་རྟགས་འགེལ་བཞིན་པ།