ཉེ་དུས། ལྷ་སའི་ཁྲོམ་གཞུང་དུ་མུན་པ་རུབ་ལ་ཉེ་བའི་མཚམས་སུ། པེ་ཅིང་ཤར་ལམ་ཧྲེན་ལི་དུས་རབས་ཐང་ཆེན་གྱི་སྒོ་རྩར“གློག་འཕྲོའི་ལྒང་ཕུག”འཚོང་མཁན་མང་པོ་མཐོང་རྒྱུ་ཡོད། “གློག་འཕྲོའི་ལྒང་ཕུག”འདི་རྣམ་ཀུན་གྱི་ལྒང་ཕུག་དང་མི་འདྲ་བར། དེའི་ནང་དུ་LEDཤེལ་ཏོག་བསྒར་བའི་སྐུད་པ་དཀྲིས་པ་མ་ཟད། ཕྱི་ལ་གསད་སྤར་མཐེབ་སྣོན་ཡོད་པའི་གློག་རྫས་ཀྱི་སྒམ་ཆུང་ཞིག་ཀྱང་བསྒར་འདུག མཚན་མོ་རྒྱང་རིང་ནས་ལྟ་སྐབས་ཚོན་ཁྲ་ཅན་གྱི་གློག་སྒྲོན་བར་སྣང་དབྱིངས་སུ་ལྡིང་བ་དང་གཉིས་སུ་མེད་པས། གྲོང་མི་མི་ཉུང་བ་ཞིག་གིས་གོམ་པ་སྤོ་མཚམས་བཞག་ནས་དེར་ལྟ་བཞིན་འདུག གསར་འགོད་པས་ལྒང་ཕུག་འདི་ཅི་འདྲ་ཡིན་མིན་རྒྱུས་མངའ་ལོན་ཆེད། ཚོང་པའི་ས་ནས་ལྒང་ཕུག་གཅིག་ཉོས་པ་དང་སྦྲགས། ལྒང་ཕུག་དེ་ཚོ་འབར་གས་བྱེད་ཀྱི་མ་རེད་དམ་ཞེས་དྲིས་པས། “ལྒང་ཕུག་ནང་དུ་ཧེལ་རླུང་ཞེས་བྱ་བའི་དབུགས་ལས་བླུགས་མེད་པས་འབར་གས་བྱེད་མི་སྲིད”ཅེས་ཚོང་པས་བཤད་བྱུང་། ཡིན་ནའང་ལྟ་ཞིབ་ཞིབ་ཕྲ་བྱས་པ་བརྒྱུད། ལྒང་ཕུག་ལ་ཐོན་རྫས་ཀྱི་ཚད་ལོན་མཚོན་རྟགས་མེད་པ་མ་ཟད། དབུགས་གང་བླུགས་ཡོད་མེད་དེ་བས་དབྱེ་འབྱེད་བྱེད་དཀའ་མོ་འདུག
གསར་འགོད་པས་ཚང་མར་དྲན་སྐུལ་ཞུ་རྒྱུར། “གློག་འཕྲོའི་ལྒང་ཕུག”སྙིང་རྗེ་རུང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ལྡན་པས་ཡག་ཤོས་བྱུང་ན་མ་ཉོས་རོགས། གལ་སྲིད་ཉོ་བདེན་པ་ཡིན་ཕྱིན། མ་ཉོས་གོང་ལྒང་ཕུག་གི་སྤུས་ཚད་ཡག་པོ་ཡོད་མེད་ཞིབ་ཕྲ་ལྟ་དགོས་ལ། ལྒང་ཕུག་དེ་མེ་དང་རྣོ་ངར་ལྡན་པའི་དངོས་རྫས་ཀྱི་འགྲམ་དུ་གློད་རྒྱུ་མེད།