“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་གནམ་སྔོན་པོ་དང་། ཆུ་མོ་དྭངས་གཙང་། ས་གཞི་གཙང་མ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་ནས་ཁོར་ཡུག་ཉེན་ཁའི་འཁོར་སྦྲེལ་ཧྲིལ་པོའི་འགོག་ཟོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། ཚད་ལྡན་ཅན་གྱི་གཙང་སེལ་དང་། ཞིབ་ཚགས་ཅན་གྱི་ལྟ་སྡོམ། གདུབ་ཟུམ་རྣམ་པའི་དོ་དམ་བཅས་ལ་བརྟེན་ནས་སྦགས་བཙོག་དངོས་པོ་སྣ་ཚོགས“གནོད་ལྡན་ཅན”ནས“གནོད་མེད་ཅན”བར་འགྱུར་རྒྱུར་སྐུལ་འདེད་བཏང་བས་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།
སྨན་བཅོས་ཟོག་རོ་དེ་དག་ཉེན་ཆེའི་ཟོག་རོ་ཡིན་པའི་ངོས་ནས་སྤྱི་པའི་འཕྲོད་བསྟེན་དང་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་དང་འབྲེལ་བ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་ཐད་ཀྱི་བེད་མེད་ཟོག་རོ་གཙང་སེལ་བྱེད་ནུས་མུ་མཐུད་ཆེ་རུ་བཏང་ནས་སྒྲིག་བཀོད་རིམ་སྤོར་དང་། ཆེད་དོན་བཅོས་སྒྲིག། བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་བཅས་བྱས་པ་བརྒྱུད། ཚད་ལྡན་ཅན་གྱི་གཙང་སེལ་མ་ལག་བཙུགས་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་རིགས་དབྱེ་འཚོལ་བསྡུ་དང་། ཁྲིམས་མཐུན་ངང་བརྒྱུད་འདྲེན། གསོག་ཉར་ཚད་ལྡན། ཆེད་ལས་ཐག་གཅོད་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་ཆེད་ཁུལ་དུ་གནས་སྐབས་ཉར་བ་དང་། ཆེད་གཏོང་རླངས་འཁོར་གྱིས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)བརྒྱུད་འདྲེན་བྱེད་པ། དྲོད་ཚད་མཐོ་པོས་མེ་སྲེག་གཏོང་བ། གཙང་བཟོ་གདུབ་ཟུམ་མཐར་ཕྱིན་བྱེད་པ་བཅས་ཀྱི་ལས་དོན་སྤེལ་བ་དང་། ཉེན་ཡོད་ཟོག་རོ་གློག་རྡུལ་གཞན་སྒྱུར་གྱི་མཉམ་འཛིན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་སྨན་བཅོས་ཟོག་རོའི་ཡོང་ཁུངས་ཞིབ་བཤེར་ཐུབ་པ་དང་། གཏོང་ཕྱོགས་བདའ་འདེད་ཐུབ་པ། བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ། བརྒྱུད་རིམ་ཧྲིལ་པོ་ཚོད་འཛིན་ཐུབ་པ་བཅས་བྱས་པ་རེད། དེའི་རིང་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་སྨན་བཅོས་ཟོག་རོ་ཏུན་1026.99བདེ་འཇགས་དང་ཚད་ལྡན་ངང་ཐག་གཅོད་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྨན་བཅོས་ཟོག་རོ་ཁྱོན་ཡོངས་ནས་གནོད་མེད་ཐག་གཅོད་བྱས་པ་རེད།
གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་དཔལ་འབྱོར་གསར་སྤེལ་ཡན་ལག་རུ་ཁག་གི་རུ་དཔོན་གཞོན་པ་བདེ་དབྱངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་ཟོག་རོ་ཐག་གཅོད་དང་ལྟ་སྡོམ་ཐད་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་གྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་པ་དང་། ཁེ་ལས་ཀྱིས་བརྒྱུད་རིམ་ཧྲིལ་པོ་ཞིབ་ཚགས་ཅན་གྱི་དོ་དམ་མམ་ཚོད་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། གཞན་སྒྱུར་མཉམ་འཛིན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྨན་བཅོས་ཟོག་རོ་བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་། བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པ། བཀག་སྡོམ་དོ་དམ་ཚོད་འཛིན་བྱེད་པ། གནོད་མེད་གཙང་སེལ་བྱེད་པ། ཁོར་ཡུག་གི་ཉེན་ཁར་དོགས་ཟོན་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་མཐའ་ཚད་གཉིས་བརྟན་པོ་སྲུང་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་དྭངས་ཤིང་གཙང་བའི་ཆུ་བོ་སྲུང་སྐྱོང་གི་དམག་འཐབ་ཡག་པོ་བརྒྱབ་པ་དང་། ས་ཁོངས་ཡོངས་སུ་རྫོང་རིམ་པའི་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་བསྐྲུན་པ། གྲམ་ཁོངས་སུ་རྒྱུག་པའི་བཙོག་འབུད་མདོ་ཁར་ཕྱོགས་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱས་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོར་ཚད་ལྡན་ཅན་གྱི་དོ་དམ་བྱས་པ གྲོང་ཁྱེར་ཡོངས་ཀྱི་གཙང་ཆུ་གཙོ་བོའི་རྒྱལ་ཁབ་ཀྱི་ཚོད་འཛིན་བཅད་ཁ་དང་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད་མུ་མཐུད་100%རྒྱུན་འཁྱོངས་ཐུབ་ཡོད་པ་རེད། སྔོན་ཚུད་འཚོལ་བསྡུ་དང་། སྐྱེ་དངོས་རྫས་འགྱུར་གཙང་བཟོ། གཙང་སེལ་མཐར་ཕྱིན་པ། མཇུག་སྣེའི་དུག་སེལ་བཅས་ཀྱི་ལས་རིམ་ཧྲིལ་པོ་བཅོས་སྒྲིག་བྱས་པ་བརྒྱུད་བཙོག་ཆུ་ཚད་གཞི་དང་མཐུན་པའི་ངང་འབུད་གཏོང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། དེ་དང་ཆབས་ཅིག་ས་གནས་ས་ཐོག་ཏུ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་བཀོད་བེད་མེད་དུ་འཇོག་པ་དང་། བཙོག་ཆུ་ཐད་འབུད་བྱེད་པ། ཚད་གཞི་ལས་བརྒལ་ནས་འབུད་གཏོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཏེ་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བའི་འགན་ལེན་བྱས་པ་རེད།
བདེ་དབྱངས་ཀྱིས“ཆུའི་ཁོར་ཡུག་བཅོས་སྒྲིག་ཐད་ང་ཚོས་ཆུ་འབྲེལ་ཁེ་ལས་དང་བཙོག་ཆུ་གཙང་གསིང་སྒྲིག་བཀོད་ཀྱི་ས་གནས་ས་ཐོག་གི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྒྲིག་བཀོད་འཁོར་སྐྱོད་དང་ཚད་ལོན་འབུད་གཏོང་གི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་པས་ཁོངས་གཏོགས་ཁུལ་གྱི་ཆུའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་བརྟན་པོ་དང་ལེགས་པའི་ཕྱོགས་སུ་འགན་ལེན་བྱུང་ཡོད་ཅེས་བརྗོད།
བཟོ་ལས་ཀྱི་རླངས་རོ་དང་སྣུམ་དང་སོལ་རླངས་དུ་དྲི་སོགས་རླངས་རྒྱུ་དང་འབྲེལ་བའི་སྦགས་བཙོག་དངོས་པོར་གཞིགས་ནས་ལྷོ་ཁ་གྲོང་ཁྱེར་གྱིས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཐོག་གནད་སྨིན་བཅོས་སྒྲིག་བྱས་པ་རེད།“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དགུང་སྔོན་སྲུང་སྐྱོང་དམག་འཐབ་མུ་མཐུད་མཐར་ཕྱིན་པ་བརྒྱབ་ཐོག་སྣུམ་རླངས་ཚུར་བསྡུ་དང་། སྣུམ་རླངས་དུ་ནག་བཅོས་སྒྲིག། འགྲོ་ལམ་མིན་པའི་སྒུལ་བདེའི་འཕྲུལ་ཆས་ལ་ཕྱོགས་བསྡུས་བཅོས་སྐྱོང་། གཙོ་གནད་ལས་རིགས་ཀྱི་སྦགས་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་དུ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ལོ་བསྟུད་མར་99.5%ཡན་བརྟན་པོ་བྱུང་ཡོད། ཁེ་ལས་ཀྱིས་རླངས་རོ་གཙང་སེལ་སྒྲིག་བཀོད་ཚད་ལྡན་ངང་འཁོར་སྐྱོད་བྱ་རྒྱུར་ལྟ་སྐུལ་བྱས་པ་བརྒྱུད་སྣུམ་སྣོན་ས་ཚིགས་ཀྱི་སྣུམ་རླངས་ཚུར་བསྡུའི་མ་ལག་གི་སྐྱེལ་འདྲེན་དང་སྲུང་སྐྱོང་དོ་དམ་དོན་འཁྱོལ་ནན་པོ་བྱས་ཏེ་གནོད་ཡོད་རླངས་རོ་བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་། གཙང་སེལ་ཐག་གཅོད། ཚད་ལོན་བཙོག་འབུད་བཅས་བྱས་ཏེ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་བརྟེན་ནས་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད་པ་རེད།
བདེ་དབྱངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལས་དོན་སྤེལ་རིང་། རླངས་རོ་འཚོལ་བསྡུ་གསང་སེལ་དང་། སྦགས་བཙོག་དངོས་པོ་གནད་སྨིན་དོ་དམ་ཚོད་འཛིན། སྣུམ་རླངས་ཚུར་བསྡུ་ཚད་ལྡན་འཁོར་སྐྱོད་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ཞིབ་ཚགས་ཅན་དང་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་བརྟེན་ནས་རླངས་རོ་ཚད་ལོན་ཕྱིར་འབུད་དང་གནོད་མེད་ཅན་དུ་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད།
དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ས་རྒྱུའི་སྦགས་བཙོག་འགོག་ཟོན་དང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་། ཁོར་ཡུག་ཉེན་ཁའི་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལྕི་བའི་ལྕགས་རིགས་ཕྱིར་འབུད་ལ་ལྟ་སྐུལ་དོ་དམ་དང་། ཉེན་ཡོད་བེད་མེད་ཚད་ལྡན་ཅན་གྱི་དོ་དམ། ཉིང་རྡུལ་ཁྱབ་འགྱེད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བཅས་ནན་པོ་བྱས་ཏེ་སྐྱེ་ཁམས་ཆོག་འཐུས་ཀྱི་དམར་ཐིག་ནན་པོ་བསྲུངས་ནས“མཐོ་གཉིས”ཀྱི་རྣམ་གྲངས་གཏན་འགོག་མཐའ་གཅིག་ཏུ་བྱས་པས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་བདེ་འཇགས་ངང་སྤྱོད་ཚད་100%རྒྱུན་འཁྱོངས་ཐུབ་པ་དང་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད་པ་རེད།
འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་པ་ནས་མཐའ་སྣེ་ཐག་གཅོད་བྱེད་པའི་བར་དང་། ཕྱོགས་རྐྱང་པའི་བཅོས་སྒྲིག་བྱེད་པ་ནས་ས་ཁོངས་ཧྲིལ་པོའི་འགོག་ཟོན་བྱེད་པའི་བར། ལྷོ་ཁ་གྲོང་ཁྱེར་གྱིས་སྦྲེལ་ཐག་ཧྲིལ་པོ་དང་། ཚད་ལྡན་ཅན། བཀག་སྡོམ་རྣམ་པ་བཅས་ཀྱི་ལྟ་སྐུལ་དོ་དམ་བྱ་ཐབས་ལ་བརྟེན་ནས་སྦགས་བཙོག་དངོས་པོ་སྣ་ཚོགས་གནོད་མེད་ཅན་དུ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་གངས་ལྗོངས་ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་རྒྱུན་མཐུད་ངང་བསྐྲུན་བཞིན་ཡོད་པ་རེད།།
བསོད་ནམས་བསྟན་པས་བསྒྱུར། བསོད་བདེ་ལོས་ཞུས།