འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་12ཚེས་1ཉིན། གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་སྟངས་ཐོག་ནས་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དང་། སོ་དྲུག་ཤང་། སྐྱེད་པ་ཤང་བཅས་སུ་ཟབ་འཇུག་གནང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་སྦྲགས། གཞི་རིམ་བཅོས་སྐྱོང་དང་། གྲོང་གསེབ་དར་རྒྱས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཀྱི་འབབ་འཕར། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་སྐུལ་འདེད་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་མཐར་ཕྱིན་པ་བྱས་ཏེ། “དོན་ཆེན་བཞི”དམ་འཛིན་ལྷོད་མེད་བྱེད་དགོས་པ་དང་། “འཛུགས་གཏོད་བཞི”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གཞི་རིམ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་ལྷོ་ཁར་རྩ་བ་རྒྱས་པ་དང་འབྲས་བུ་དར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ། ཡིད་ཆེས་བརྟན་པོ་དང་། གོ་སྐབས་དམ་འཛིན། དགེ་མཚན་འདོན་སྤེལ། ངར་འཕེལ་ལས་སྒྲུབ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་མངོན་འགྱུར་ཐུབ་པ་དང་། “ལོ་ལྔ་ཚན་གྱི་འཆར་གཞི་བཅུ་བཞི་པ”ཕུན་སུམ་ཚོགས་པོས་མཇུག་བསྒྲིལ་རྒྱུ་འགན་ལེན་བྱས་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
དགུན་དུས་ཀྱི་རྡོ་ཕོ་བྲང་ཤང་དུ། ཞོགས་པ་གྲང་ངད་ཆེ་ཞིང་ས་གཞི་དར་ཆགས་བ་མོ་སྲབ་པོ་བཀབ། ལི་ཧྥུའུ་ཀྲུང་གིས་རྡོ་ཕོ་བྲང་ཤང་གི་ལས་ཁུངས་སྒོ་རའི་ནང་ཕེབས་ནས་ཤང་དེའི་ལས་བྱེད་ལས་བཟོ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་གིན་དུ། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཤང་ཡོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་དང་གཞི་རིམ་གྱི་བཅོས་སྐྱོང་། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན། ཤང་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)དཔུང་ཁག་འཛུགས་སྐྱོང་། གྲོང་ཚོའི(སྡེ་ཁུལ་)“ཨུ་ལྷན་གཉིས”ཚན་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ལི་ཧྥུའུ་ཀྲུང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ནི་བོད་ལྗོངས་ཀྱི་འབྱུང་འགྱུར་ལོ་ལྔ་དང་། ཐ་ན་དུས་ཡུན་དེ་ལས་རིང་བའི་ནང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་འཆར་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་པ་ཞིག་ཡིན་པས་གཞི་རིམ་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་ནན་ཏན་དང་སྒྲོག་འགྲེལ་རྒྱ་ཁྱབ། དྲིལ་བསྒྲགས་རྒྱ་ཆེན་བཅས་བྱས་ནས་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ས་ཁོངས་དང་། གཙོ་གནད་དུས་མཚམས། གཙོ་གནད་ལས་དོན་བཅས་ལ་དམིགས་ཏེ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བྱེད་རོགས་དང་། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱས་ཐོག་ཞིང་འབྲོག་མང་ཚོགས་རྣམས་་སྐྱིད་ལྡན་པའི་ངང་ནས་དགུན་སྒྲོལ་ཐུབ་པ་དང་། ཞིང་འབྲོག་ཁུལ་འཆམ་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ལས་ཀའི་ཆུ་ཚད་མཐོ་རུ་བཏང་སྟེ་ལས་བྱེད་པ་མི་རེ་ངོ་རེའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་འགན་འཁྲི་གཏན་འཁེལ་དང་། ལས་བགོས་ཡོད་པ། ལས་ཀའི་ཆོས་ཉིད་རྒྱུན་ཆད་མེད་པར་ཁོང་དུ་ཆུད་པ། སྔོན་ཚུད་ནས་འཆར་འགོད་དང་། སྔོན་ཚུད་ནས་གྲ་སྒྲིག་ཡོད་པ་བྱས་ཏེ་ལས་ཀ་གང་ཞིག་ཡིན་རུང་ཐོག་མཐའ་བར་གསུམ་དུ་སེམས་ནང་འཆར་གཞི་དང་གྲངས་ཀ་ཡོད་པ་བྱ་དགོས། གྲོང་ཚོའི(སྡེ་ཁུལ་)“ཨུ་ལྷན་གཉིས”ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བློ་མཐུན་གསར་རྙིང་དང་། ཏང་ཡོན་གསར་རྙིང་། ཆེད་ལས་ལས་བྱེད་པ་སྣ་ཚོགས་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འཇོན་ཐང་ཆེ་རུ་བཏང་ཐོག་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་སྔར་ལས་སྟོབས་ལྡན་ཆགས་པ་བྱ་དགོས།
རྡོ་ཕོ་བྲང་ཤང་དགའ་སྟོང་མཐུན་སྒྲིལ་གྲོང་གསར་དུ། ལི་ཧྥུའུ་ཀྲུང་གིས་གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ཁོངས་མི་དང་མཛའ་བརྩེའི་ངང་བཀའ་མོལ་གནང་གིན་དུ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆུང་ངུ་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་། འབབ་འཕར། སྤྱི་ཚོགས་འགན་སྲུང་སོགས་ཀྱི་རེ་ཞུར་དམིགས་ནས། སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་དོན་དག་རེ་རེ་བཞིན་ལེགས་པར་བསྒྲུབ་ཐོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གནས་འཕྲོད་ལས་འཚམ་གྱི་མཐུན་མཛེས་གྲོང་གསེབ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མང་ཚོགས་ཚོས་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་མཐོང་ཐུབ་པ་དང་། གྲོང་གསེབ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས།
སོ་དྲུག་ཤང་དང་། སྐྱེད་པ་ཤང་ཏང་ཨུད་སྲིད་གཞུང་དུ། ལི་ཧྥུའུ་ཀྲུང་གིས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་འཕེལ་རྒྱས་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ནན་ཏན་གནང་ཞིང་། ཁོང་གིས། གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་དགོས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལྷག་དོན་དུ་ཡར་ཀླུང་ཚོང་འདུས་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་སྒྲིག་ལམ་ཡོད་པའི་སྒོ་ནས་མང་ཚོགས་སྒྲིག་འཛུགས་ཀྱིས་དེའི་ནང་ཞུགས་སུ་བཅུག་ཐོག་ཞིང་འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་འགན་ལེན་ཡག་པོ་བྱ་དགོས། ཁྱད་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་དང་། སྲིད་ཇུས་དང་། ཐོན་ཁུངས། ས་བབ་སོགས་ཀྱི་དགེ་མཚན་ལ་བརྟེན་ནས། ཐབས་ལམ་མང་ཙམ་བཙལ་ཏེ། ཁྱད་ལྡན་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཐོག་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཡོང་བར་རྒྱུན་མཐུད་བརྟན་པོས་སྐུལ་འདེད་གཏོང་དགོས་པ། དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། འབྱུང་རྩ་ནས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་འོས་ཤིང་འཚམ་པ་བྱས་ཏེ། གཞི་རིམ་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཞི་རིམ་ལས་བྱེད་པ་ནི་ཆེས་མདུན་མར་གནས་པ་དང་། ཐད་ཀར་མང་ཚོགས་དང་གདོང་གཏུགས་མཁན་ཞིག་ཡིན་པས། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ་སོགས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཡོད། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་བཙུགས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱས་ཐོག་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་དགོས་པ་དང་། བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ། གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བྱ་བ་སྒྲུབ་པའི་ཁྲོད་བློ་སྦྱོང་ཞུན་བརྡར་དང་། ཉམས་མྱོང་གསོག་འཇོག འཇོན་ཐང་མཐོར་གཏོང་བཅས་བྱ་དགོས། རང་འགུལ་ངང་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། བློ་བདེ་བློ་ཁོག་ཆེན་པོའི་ཐོག་ནས་ལས་བྱེད་པས་ལས་གཏོད་དང་བྱ་གཞག་བསྒྲུབ་ཏུ་བཅུག་ནས་ལས་བྱེད་པའི་ལས་ཀའི་ཧུར་བརྩོན་རང་བཞིན་དང་གྲུབ་འབྲས་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
སོ་དྲུག་ཤང་གྱི“གསོ་རིག་ལུམ་བཅོས”ཐོན་ལས་རྟེན་གཞིར་ལི་ཧྥུའུ་ཀྲུང་གིས་འགྲེམས་ཁང་ལ་གཟིགས་པ་དང་། དྲོད་ཁང་དུ་ཕེབས་ཀྱིན་དུ། འབྲེལ་ཡོད་བློ་མཐུན་དང་མཛའ་བརྩེའི་ངང་སྤེལ་རེས་གནང་གིན་བོད་སྨན་སྨན་རྩྭ་འདེབས་ལས་གནས་ཚུལ་དང་ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ལམ་མདུན་ལྗོངས། མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པ་དང་། དོ་དམ་གཉེར་སྐྱོང་ལ་ཤུགས་བརྒྱབ་སྟེ་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ལན་པར་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཚོགས་པ་གཅིག་སྒྲིལ་ཐོག་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་གཏོང་བ་དང་། མང་ཚོགས་ལ་ཡོང་འབབ་བརྟན་པོ་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་།
ས་ཆ་གང་དུ་ཕེབས་རུང་། ལི་ཧྥུའུ་ཀྲུང་གིས་གཞི་རིམ་ལས་བྱེད་པ་དང་སྤེལ་རེས་གནང་གིན་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གཙོ་གནད་ལས་འགན་ཡིན་པས་སློབ་སྦྱོང་ཡག་པོ་དང་གོ་བ་ཟབ་ལེན་ཐོག་ཕྱོགས་ཡོངས་ནས་ཡང་དག་ཁོང་དུ་ཆུད་པ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་ལ་ཟུག་པ་དང་། ལག་ལེན་ལ་མཛུབ་ཁྲིད་ཐུབ་པ། ལས་དོན་ལ་སྐུལ་འདེད་ཐུབ་པ། དོན་འཁྱོལ་ཁྲོད་ཕན་འབྲས་ཐོན་པ་བཅས་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ངོ་། །
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེས་ཞུས།