第01版:头版 4下一版
 
版面导航

第01版
头版

第02版
要闻

第03版
要闻
 
标题导航
ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་སྣེ་གདོང་དུ་འཚོགས་པ།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་མཐར་ཕྱིན་པ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་གོ་སྐབས་དམ་འཛིན། དགེ་མཚ@
| 山南网首页 |
2025年12月5日 星期
下一篇 4 放大 缩小 默认
ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་སྣེ་གདོང་དུ་འཚོགས་པ།
གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་དང་། ལི་ཧྥུའུ་ཀྲུང་གིས་གསུང་བཤད་གནང་བ།
 

ཟླ་12ཚེས་3ཉིན། ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་སྣེ་གདོང་དུ་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་དེ་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གསུང་བཤད་གནང་བ་རེད།

ཟླ་12ཚེས་3ཉིན། ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་སྣེ་གདོང་དུ་འཚོགས་པ་རེད། འདི་ནི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་3ཉིན། ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་སྣེ་གདོང་དུ་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་དེ་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གསུང་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་པ། ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་སྒྲོན་ཉན་པ་མ་ཟད་དེར་གྲོས་བསྡུར་བྱས་པ། 《ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་འཆར》དང་《ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྤྱི་བསྒྲགས་》ལ་གྲོས་ཞིབ་དང་གྲོས་འཆམ་བྱས་པ། གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2025ལོའི་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱས་ཚུལ་སྙན་ཞུར་གྲོས་བསྡུར་བྱས་པ། ལི་ཧྥུའུ་ཀྲུང་གིས་ཚང་འཛོམས་གྲོས་ཚོགས་ཐོག《གྲོས་འཆར(གྲོས་བསྡུར་མ་ཟིན)》གསལ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས་ངོས་འཛིན་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་བརྒྱ་ཡི་འབད་འཐབ་དམིགས་འབེན་གཉིས་པའི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་ལམ་གསར་པའི་ཐོག་སྐོང་འཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། བབ་བསྟུན་ཡར་བརྩོན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་སྤྱི་ཡོངས་སྐུལ་སློང་དང་སྤྱི་ཡོངས་བཀོད་སྒྲིག་བསྐྱར་མ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འཆར་》ནི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) གནད་འཁེལ་སྒོ་ནས་ཡང་དག་ཁོང་དུ་ཆུད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་པ་ཞིག་ཡིན་པས། དེ་ནི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱ་ཆེད། འཕྲལ་མར་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་ནས་ལས་དོན་ལ་ཕྱོགས་བསྡོམས་དང་། དུས་བབ་ལ་དབྱེ་ཞིབ། ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ཤིང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པར་”ཚན་རིག་དང་མཐུན་པའི་འཆར་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱེད་པ། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་བསྒྲུབ་རྒྱུར་བཀོད་སྒྲིག་གནད་ལ་འཁེལ་བ་གནང་ནས་ང་ཚོར་དཔེ་སྟོན་དང་མཛུབ་སྟོན་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ཐུབ་པ་བྱས་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་བསྟར་མཐར་ཕྱིན་པ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷོ་ཁའི་ལག་ལེན་གྱི་ལེ་ཚན་གསར་པ་རྩོམ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས། གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད། ཚང་མས་ངོས་འཛིན་བྱས་པ་ལྟར་ན། གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནན་ཏན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཐོག་དཀའ་སྒྲོལ་མདུན་བསྐྱོད་དང་། རང་འགུལ་བྱས་འཇོག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་བའི་བྱེད་སྒོ་རབ་རིམ་ཏན་ཏིག་སྤེལ་བ། ཐབས་ཤེས་གང་ཡོད་ཀྱིས་དཔལ་འབྱོར་ལས་དོན་ལ་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ། བརྟན་ལྷིང་དང་མཐུན་སྒྲིལ་གྱི་ཆབ་སྲིད་དང་སྤྱི་ཚོགས་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་བཏང་བ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་རྩ་མཐོ་རུ་བཏང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ། མཐའ་མཚམས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཤུགས་ཆེན་བཏང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དང་“ལོ་ལྔ་ཚན་གྱི་འཆར་གཞི་བཅུ་བཞི་པའི་”དམིགས་ཚད་ལས་འགན་གཙོ་བོ་ཁག་ཐུགས་གྲ་འགྲིག་པོས་ལེགས་གྲུབ་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ལ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

ཚང་འཛོམས་གྲོས་ཚོགས་ཀྱིས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”དུས་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་གྱི་ཕྱོགས་ཡོངས་ཀྱི་ཡར་རྒྱས་གསར་པར་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཚང་མས་ངོས་འཛིན་བྱས་དོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། བོད་སྐྱོར་ཞིང་ཆེན་ནམ་གྲོང་ཁྱེར། ཁེ་ལས་བཅས་ཀྱི་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་འོག་གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཤིང་། “དོན་ཆེན་བཞི”དམ་འཛིན་རྒྱུན་མཐུད་དང་མཐར་ཕྱིན་པ་བྱས་པ་དང་། “འཛུགས་གཏོད་བཞི”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཡིད་ཆེས་བརྟན་པོ་དང་། དཀའ་སྒྲོལ་མདུན་བསྐྱོད། འགག་སྒྲོལ་ཁྱད་བསད་བཅས་བྱས་ཏེ། སྤྱོད་ཚུལ་སྔར་བས་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོའི་ངང་སྤོ་ཐུབ་པ་བཅས་བྱུང་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་སྔ་མཐུད་ཕྱི་འཛིན་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། ལྷོ་ཁ་འདི་ཉིད་རྒྱལ་ཡོངས་སམ་ལྗོངས་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ཤུགས་འདོན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན་པས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་”དུས་སྐབས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པ་དང་། ལྷོ་ཁའི་ལས་དོན་དེ་ཉིད་རྒྱལ་ཡོངས་སམ་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཐོག་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ཁྲོད་དཀའ་ཁག་ཁྱད་བསད་དང་འགག་གནད་སྒྲོལ་བ། ཉེན་ཁ་དང་འཐབ་པ། འགྲན་སློང་བསུ་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་ཞབས་ཞུ་ཧུར་ཐག་དང་མཉམ་འདྲེས་བྱེད་པའི་ཁྲོད་འགན་འཁྲི་གསར་པ་མངོན་པ་དང་། བྱས་རྗེས་གསར་པ་མངོན་པར་བྱས་ཐོག་བློ་བརྟན་འགྱུར་མེད་ངང་ལྷོ་ཁའི་དོན་དངོས་དང་མཐུན་པའི་སྤུས་མཐོའི་གོང་འཕེལ་ལམ་དུ་བསྐྱོད་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། མཐའ་ཚད་འཛིན་སེམས་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་དགོས། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཁྲིམས་སྐྱོང་ཅན་དང་ཁྱབ་ཁོངས་ཅན་གྱི་ཐབས་ལམ་ཐོག་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་འགན་སྲུང་བྱེད་དགོས། དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་བཀག་སྡོམ་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ཐོག་ནས“ལས་གཞི་ཆེན་པོ་བཞི་”དང་“བྱ་སྤྱོད་དྲུག་”སྤེལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། "འདུ་ཤེས་གསུམ་"གྱི་སློབ་གསོ་གཏིང་ཟབ་སྤེལ་ནས། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་བཅོས་སྐྱོང་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་ནས་སྤུས་མཐོའི་གོང་འཕེལ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་སུ་འབྲེལ་མཐུད་ཐུབ་པ་དང་། ནང་ཁུལ་དུ་བདེ་བགྲོད་ཐུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་བསྐྲུན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ནུས་རྒྱུ་གཙང་མ་རྒྱ་སྐྱེད་དང་འཕེལ་རྒྱས་གཏོང་བ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞི་སྟོབས་ཆེར་གཏོང་བ་དང་སྤུས་ཚད་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བྱས་ཐོག་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱ་དགོས། ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་ཧུར་ཐག་དང་། འཛད་སྤྱོད་འཁོར་རྒྱུན་ཆེར་གཏོང་། ཕན་ནུས་ལྡན་པའི་མ་འཇོག་རྒྱ་སྐྱེད། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བཅས་བྱ་དགོས། བར་སྟོང་བཀོད་སྒྲིག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་མི་རྩ་བར་འཛིན་པའི་རྣམ་པ་གསར་པའི་གྲོང་ཁྱེར་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་དགོས། བསྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་དང་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ཐོག་གསར་གཏོད་གོང་འཕེལ་གྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མི་དམངས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀུན་ཕན་མཉམ་སྤྱོད་ཀྱི་བདེ་རྩ་གསར་པ་ཟབ་ཏུ་གཏོང་དགོས། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀུན་སྤྱོད་བཟང་བའི་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགན་བབས་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་དང་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། “དམིགས་བྱ་ལྔ་”གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། འཕྲོད་བསྟེན་བདེ་ཐང་གི་སྤུས་འབྲས་ལེགས་གཏོང་བྱ་སྤྱོད་སྤེལ་ནས་བདེ་ཐང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་གཞི་རྩའི་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ། ནད་གཡོག་སོགས་ཀྱི་སྲིད་ཇུས་ལམ་ལུགས་འཐུས་སྒོ་ཚང་གཏོང་དང་ཡོངས་སུ་ཁྱབ་པ། སྤྱི་པའི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྣོད་བཅུད་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་ནས་འབྱུང་འཕྲོད་གོང་འཕེལ་གྱི་དགེ་མཚན་གསར་པ་འདོན་ཐབས་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དང་དེའི་ལག་བསྟར་བྱེད་ཐབས་དོན་འཁྱོལ་ནན་པོ་བྱ་དགོས། སྐྱེ་ཁམས་འཛུགས་སྐྱོང་དང་ཉམས་གསོ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་རང་བཞིན་གྱི་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། གནམ་སྔོན་པོ་དང་། ཆུ་མོ་དྭངས་གཙང་། ས་གཞི་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་དགོས། འབྱུང་འཕྲོད་ཐཱན་ཉུང་ཕྱོགས་བསྒྱུར་གོང་འཕེལ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་ཐོན་ལས་དང་། འབྱུང་འཕྲོད་ཐོན་ལས། ཐཱན་བསྡུས་དཔལ་འབྱོར་བཅས་འཕེལ་རྒྱས་མགྱོགས་སུ་བཏང་ནས་འབྱུང་འཕྲོད་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཐུན་མོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་བཅད་བསྐྲུན་ནས་དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་ཆུ་དང་། གློག། ལམ། འཕྲིན་གཏོང་། དྲ་རྒྱ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ནགས་འོག་དཔལ་འབྱོར་དང་། ཞིང་འབྲོག་དཔལ་འབྱོར། རིག་གནས་ཡུལ་སྐོར་དཔལ་འབྱོར་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་ནང་སྐྱེད་འཕེལ་རྒྱས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་དགོས་པ་དང་། མཐའ་མཚམས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་དགོས། ཏང་སྲིད་དམག་ཉེན་དམངས་ཀྱིས་གོང་བུ་འགྲིལ་ནས་མཐའ་སྟོབས་མཐའ་སྲུང་མཐའ་བརྟན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག་མཐའ་མཚམས་ས་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་ནན་བཤད་བྱས་དོན། ཏང་གིས་ཏང་ལ་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་”འཕེལ་རྒྱས་དམིགས་ཚད་ལ་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས། དར་ཆ་གསལ་སྟོན་ངང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཐོག་མཐའ་བར་གསུམ་དུ་སྒྲིག་སྲོལ་ལ་བརྩི་སྲུང་དང་། སྒྲིག་ཁྲིམས་སྲུང་བ། མིག་དཔེ་སྟོན་པ་བཅས་བྱེད་དགོས། བློ་སྒྲིལ་སེམས་སྐྱེད་གྱིས་བསམ་བློ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ལྷག་དོན་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་མཐར་ཕྱིན་པ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་དང་། ལག་ལེན་ལ་མཛུབ་ཁྲིད། མང་ཚོགས་ལ་སློབ་གསོ་བཅས་བྱེད་དགོས། རྨང་རྩ་གཉིས་བརྟན་གྱིས་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རིམ་ཁག་ཏང་རྩ་འཛུགས་འཛུགས་སྐྱོང་སྔར་བས་སྲ་བརྟན་དང་ནུས་ལྡན་ཡོང་བ་བྱས་ཐོག་གཞི་རིམ་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། མཐའ་སྟོབས་མཐའ་བརྟན་སོགས་ཁྱབ་ཁོངས་ནང་འཐབ་འཛིང་བཙན་རྫོང་གི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དཔུང་ཁག་སྟོབས་ལྡན་བསྐྲུན་ནས་དངོས་སྒྲུབ་ཁུར་ཕོད་ལ་སྐུལ་འདེད་གཏོང་བ་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་གཉིས་པར་མཐུད) འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད། གྲུབ་འབྲས་ལ་གཞིགས་ནས་དཔའ་བོ་དབྱེ་འབྱེད། དྲང་བདེན་ཚུལ་ལྡན་གྱི་མི་སྣ་འདེམས་སྤྱོད། ལས་བྱེད་པས་ཐེག་པ་ཁུར་ལེན་དང་བྱས་པ་འཇོག་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས། ལས་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱུན་རྣམ་དང་ཕུགས་ཕན་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། སྤྱོད་ཚུལ་ལེགས་བཅོས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་གཅོད་དང་ལྐོག་ཟ་དམ་གཅུན་བྱས་ཐོག་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོར་ཁྲིད་ཕྱོགས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཤིང་། གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་དང་རེ་བ་གཞིར་བཟུང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཐུགས་གྲ་འགྲིག་པོས་མཇུག་འགྲིལ་རྒྱུར་འབད་བརྩོན་བྱེད་དགོས་པ་དང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་”འཆར་འགོད་རྩ་གནད་གང་མགྱོགས་འཐུས་ཚང་བཟོ་དགོས་པ། 2026ལོའི་ལས་ཀའི་དམིགས་ཚད་དང་ལས་འགན་ཁག་ཞིབ་ཕྲ་བཟོས་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འགོ་ཚུགས་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས་ཀྱིས་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབས་དགོས་པ། དམངས་ཕན་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ། བརྟན་ལྷིང་དང་ཐོན་སྐྱེད་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་འགོག་ཟོན་ལ་ཤུགས་སྣོན་བརྒྱབ་ཐོག་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དམ་ཚགས་སུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ཀྱི་གཏན་འབེབས་གཞིར་བཟུང་། བཀྲ་ཤིས་དང་། བག་གྲོ ཐང་ཡུང་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཨུ་ཡོན་གྱི་ལས་དགོངས་ཞུ་རྒྱུའི་ཆོག་མཆན་བཀོད་པ་དང་། པད་མ་དོན་གྲུབ་ཀྱི་ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་རྗེས་སྣོན་ཨུ་ཡོན་ནས་ལས་དགོངས་ཞུ་རྒྱུར་ཆོག་མཆན་བཀོད་པ། སྒྲོལ་དཀར་དང་། ཡའོ་ཁྲེ། ཤག་ཧྲི་ཆོན་བཅས་ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཨུ་ཡོན་ལ་གསབ་རྒྱུའི་གཏན་འབེབས་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས་འབོད་སྐུལ་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཡིད་ཆེས་བརྟན་པོ་དང་། ངེས་ཤུགས་རྒྱུན་སྲུང་། མཐུན་སྒྲིལ་འབད་བརྩོན། འབད་འབུངས་ཡར་རྒྱས་བཅས་བྱས་ཐོག་བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི་ཁུར་ཕོད་ཀྱི་བསམ་པའི་ཁྱེར་བཟོའི་ཐོག་ནས། ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་གྱི་ལེ་ཚན་གསར་པ་རྩོམ་ཕྱིར་འབད་འབུངས་ཧུར་ཐག་བྱེད་དགོས།

གྲོང་ཨུད་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས། གྲོང་ཨུད་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ངེད་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་གཞི་རིམ་གྱི་འཐུས་མི་ཁག་གཅིག གྲོང་ཁྱེར་སྒྲིག་ཨུད་ཀྱི་རྒྱུན་ཨུ། ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོཊ་འདུར་ཟུར་ཞུཊ་གནང་བ་རེད།།

བསོད་ནམས་བསྟན་པས་བསྒྱུར། བསོད་ཡེས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:要闻
   第04版:专版
ཀྲུང་གོ་གུང་ཁྲན་ཏང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་སྣེ་གདོང་དུ་འཚོགས་པ།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་མཐར་ཕྱིན་པ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་གོ་སྐབས་དམ་འཛིན། དགེ་མཚ@