འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་5ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་སྣེ་གདོང་ཆུས་སུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་ཆོས་ལུགས་ལས་དོན་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་འབབ་འཕར། གཞི་རིམ་བཅོས་སྐྱོང་། གཞི་རིམ་ཏང་རྩ་འཛུགས་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བཅས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཐོག་དམ་པ་དོན་གཉེར་དང་རང་འགན་གཙང་སྒྲུབ་ཀྱིས་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་གསུངས་གནང་བ་རེད།
སྣེ་གདོང་ཆུས་ཡར་སྟོད་ཤང་དུ། ལི་ཧྥུའུ་ཀྲུང་གིས་འགྲེམས་པང་ལ་གཟིགས་པ་དང་། ངོ་སྤྲོད་གསན་པ། ཤང་གི་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་སོགས་ཀྱི་ཐོག་ནས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་སྲིད་སྐྱོང་རྨང་གཞི་ཡིན་པ་དང་། གཞི་རིམ་གྱི་ལས་བྱེད་པ་ནི་གཞི་རིམ་ལས་ཀའི་རྐང་འཛིན་སྟོབས་ཤུགས་ཡིན་པས། ཏང་གི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་དང་། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་སེམས་ལ་བཅངས་ནས་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཞིས་ཆགས་བཀོད་སྒྲིག་དང་སློབ་གསོའི་རོགས་ཕན་ལས་དོན་ཡག་པོ་སྒྲུབ་དགོས། མང་ཚོགས་ཀྱི་འབབ་འཕར་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་རང་འགུལ་ངང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་འབྲེལ་མཐུད་བྱས་ཐོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་རྩར་ཕྱོགས་ཡོངས་ནས་གྲལ་བཤེར་བྱ་རྒྱུར་མཐོང་ཆེན་བྱས་ཏེ་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཚན་ཁག་གྲུབ་ཚུལ་ལེགས་སུ་གཏོང་བ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཧྲག་འདེམས་ལེགས་བསྐོ་བྱས་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། གཞི་རིམ་སྒྲིག་ཨུད་ལྟ་སྐུལ་གྱི་ཆེད་འགན་ནུས་པ་འདོན་སྤེལ་བྱས་ཏེ་ལྟ་སྐུལ་གྱི་སྤུས་འབྲས་ཆེ་རུ་གཏོང་དགོས་པ་དང་། རང་འགུལ་ངང་མང་ཚོགས་ཁྲོད་བསྐྱོད་དེ་གཞི་རིམ་གྱི་ལས་དོན་ལ་ཞིབ་འཇུག་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཉམས་མྱོང་གསོག་པ་དང། འཇོན་ཐང་ཆེ་རུ་གཏོང་དགོས། ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ནས་ལས་བྱེད་པའི་རང་འགུལ་ནུས་པ་སྐུལ་སློང་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཡར་སྟོད་ཤང་ཆོས་སྡེ་འོག་གྲོང་ཚོའི་ཏང་ཀྲི་པུའུ་ནི་ལི་ཧྥུའུ་ཀྲུང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་འབྲེལ་གཏུག་ས་ཚིགས་ཡིན་པས། ལི་ཧྥུའུ་ཀྲུང་གིས་གྲོང་ཚོའི་ནང་ཕེབས་རྗེས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་འཛུགས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ། ཏང་ཡོན་གྱི་བྱེད་སྒོ་སྤེལ་ཚུལ་སོགས་ཀྱི་གནས་ཚུལ་ནན་ཏན་ངང་གསན་ནས་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་དང་། འབྱུང་རྩར་དབྱེ་ཞིབ། ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་བཅས་གནང་རྗེས། ཁོང་གིས་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཚོགས་འདུ་གསུམ་དང་སློབ་ཚན་གཅིག་དང་།གྲོས་ཞིབ་བཞི་དང་ཡོངས་བསྒྲགས་གཉིས། དེ་བཞིན་ཏང་གི་གཙོ་དོན་ཉིན་མོ་སོགས་ཀྱི་གཞི་རྩའི་ལམ་ལུགས་རྒྱུན་མཐུད་དང་ཚད་ལྡན་ངང་དོན་འཁྱོལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། འབོད་སྐུལ་བྱེད་ཤུགས། འཐབ་འཛིང་བྱེད་ཤུགས་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ཏང་འཛུགས་སྐྱོང་གི་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆེད་བསྐོས་ཏང་འཛུགས་སྐྱོང་མཛུབ་ཁྲིད་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།
ཕོ་བྲང་ཤང་དུ། ལི་ཧྥུའུ་ཀྲུང་གིས་གཞི་རིམ་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྟེན་གཞི་མདུན་མ་དེ་ཡིན་ལ། དམངས་འཚོ་དང་འབྲེལ་བ་ཟབ་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་ཐད་ཀའི་འགག་རྩའི་སྐར་ཁུང་ཞིག་ཡིན་པས། སྲིད་དོན་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། རིག་ནུས་ཅན་གྱི་ཞབས་ཞུའི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་གྲངས་གཞིས་འཁོར་རྒྱུག་མང་ཙམ་བྱེད་པ་དང་། མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱེད་དུ་བཅུག་ནས་མང་ཚོགས་ཀྱི་དོན་གཅོད་ལས་ཕྱོད་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཁྲ་འབྲུག་དགོན་སྡེ་ནི་ལི་ཧྥུའུ་ཀྲུང་གི་འབྲེལ་གཏུགས་གནང་སའི་དགོན་སྡེ་ཞིག་ཡིན། དགོན་སྡེ་དོ་དམ་ཨུ་ལྷན་དུ་ཕེབས་རྗེས་ལི་ཧྥུའུ་ཀྲུང་གིས་དགོན་སྡེའི་དོ་དམ་ཨུ་ལྷན་གྱིས་འགན་ནུས་འདོན་སྤེལ་ཡག་པོ་དང། རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན། འདུ་ཤེས་གསུམ་གྱི་སློབ་གསོ་མཐར་ཕྱིན་པ་སྤེལ་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་སྒོ་ཀུན་ནས་ལག་བསྟར་བྱེད་དགོས་པ་དང། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས་པ། ཕན་འདོགས་པ་ལྔའི་བླང་བྱ་དོན་འཁྱོལ་དང་། གསར་སྣོན་མི་བྱེད་པ་གསུམ་གྱི་མཐའ་ཚད་ནན་པོ་སྲུང་བ། འདུ་ཤེས་གསུམ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་རྒྱུན་མཐུད་ཁྲིད་སྟོན་བྱེད་དགོས། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པས་རང་འགུལ་ངང་ཐེག་པ་ཁུར་དུ་བླངས་ནས་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་མཁས་པོ་བྱས་ཏེ་སློབ་གསོ་དོ་དམ་གྱི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ཁོང་དུ་ཆུད་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཡོད་པ།མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས་མི་རིགས་ཆོས་ལུགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་གཏུགས་གནང་ཡུལ་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་འཚམས་འདྲི་གནང་སྐབས། ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཁྲ་འབྲུག་དགོན་སྡེའི་དགེ་འདུན་པ་མིག་དམར་ཚེ་རིང་དང་མཛའ་བརྩེའི་ངང་བཀའ་མོལ་གནང་ནས་ཁོང་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བློ་རྩེ་གཅིག་སྒྲིམ་གྱིས་ཡར་རྒྱས་བརྩོན་ལེན་དང་། དགེ་སྤེལ་སྡོམ་སྲུང་། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཐོག་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་། བསྟན་དོན་ལམ་ལྷོངས། བརྟན་ལྷིང་དང་འཕེལ་རྒྱས་ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་མངགས་བཅོལ་གནང་བ་རེད།།
བསོད་ནམས་བསྟན་པ་དང་ནོར་བུ་ཚང་ལྡན་གྱིས་བསྒྱུར། བསོད་ཡེ་བདེས་ཞུས།