འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སེམས་ཁུར་དང་བརྩེ་སེམས་ཟབ་མོ་བསྣམས་ཏེ། སྣེ་གདོང་དུ་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་དང་། ལས་བྲལ་ལས་འཁྱུར་ལས་བྱེད་རྒན་གྲས། གཞུང་དོན་ཆེད་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ནང་མིའི་འཐུས་མི་བཅས་ལ་འཚམས་འདྲི་གནང་བ་དང་། གྲོང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་བླ་ན་མེད་པའི་གུས་བཏུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
“བདུན་གཅིག་བྱས་རྗེས་གཟེངས་རྟགས་”ཐོབ་མཁན་སྒྲོལ་དཀར་ལ་འཚམས་འདྲི་གནང་སྐབས། ལི་ཧྥུའུ་ཀྲུང་གིས་ཉེ་དུས་ཀྱི་གནས་ཚུལ་དང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)རྒྱུན་གཏན་གྱི་འཚོ་བའི་སྐོར་གླེང་གིན་དུ་གཟུགས་པོར་བདག་གཅེས་ཡག་པོ་བྱེད་དགོས་པའི་བཀའ་མངགས་གནང་། ལི་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་པོ་གནང་གི་ཡོད་ལ། མཐའ་མཚམས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། 2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱེད་དང་གཡང་འཛོམས་ལ་འཕྲིན་ལན་བསྐུར་གནང་བ་དང་། ཉིན་ཤས་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་བསྐུར་གནང་བ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སེམས་ཁུར་དང་བརྩེ་སེམས་ཟབ་མོ་བཅངས་གནང་གི་ཡོད་པ་མངོན་མཚོན་ཐུབ་པས། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་དག་བློ་ལ་བརྟན་པོར་ངེས་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ཐོག་ཡུལ་སྨད་ཤང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ལ་བརྩོན་ཐོག་དར་རྒྱས་བརྟན་ལྷིང་ལྡན་པའི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཆེད་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
དགུང་ལོ་85ལ་ཕེབས་པའི་ལས་བྲལ་ལས་འཁྱུར་ལས་བྱེད་རྒན་གྲས་ཚེ་རིང་གི་ཁྱིམ་དུ། ལི་ཧྥུའུ་ཀྲུང་གིས་ཁོང་གི་གཟུགས་གཞི་དང་འཚོ་སྡོད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་རྗེས། འདི་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་དུས་བཟང་ཞིག་རེད། ལོ་60རིང་དང་། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་ལྷོ་ཁའི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཏེ། སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། གྲུབ་མཐའ་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་འཁོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་བྱུང་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་སྟངས་འཛིན་གང་ལེགས་གནང་བ་དང་། རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ། རྒྱ་ཆེའི་ལས་བྱེད་རྒན་གྲས་ཚོས་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་ཁ་འབྲལ་ཐབས་མེད། ལས་བྱེད་པ་རྒན་གྲས་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས། ལས་བྱེད་པ་རྒན་རྒོན་ཚོས་སྔར་རྒྱུན་ལྟར་ལྷོ་ཁའི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་ནས། རྩ་ཆེའི་བསམ་འཆར་དང་གྲོས་འགོ་མང་ཙམ་བཏོན་ཏེ་གྲོང་ཁྱེར་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་བློ་གྲོས་དང་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
གཞུང་དོན་ཆེད་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ནང་མི་སྐྱིད་འཛོམས་ལ་འཚམས་འདྲི་གནང་སྐབས། ལི་ཧྥུའུ་ཀྲུང་གིས་ཁྱིམ་ཚང་དེའི་ལས་ཀ་དང་འཚོ་བ། ཁྱིམ་ཚང་གི་ཡོང་འབབ། དཀའ་ངལ་གནད་དོན་སོགས་ལ་དོ་ཁུར་དང་བཀའ་འདྲི་ཞིབ་ཚགས་གནང་ཞིང་། ཁོང་གིས་གཞུང་དོན་ཆེད་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་ཚོས་ལྷོ་ཁའི་བྱ་གཞག་ཁག་གི་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ང་ཚོས་ནམ་ཡང་བརྗེད་མི་སྲིད་ཅེས་དང་། སྐྱིད་འཛོམས་ལ་གཟུགས་པོར་བདག་གཅེས་ཡག་པོ་དང་འཚོ་བ་ཡག་པོ་སྐྱེལ་དགོས་པའི་མངགས་བྱ་གནང་། སྐྱིད་འཛོམས་ཀྱི་བུ་ཕྲུག་ཚང་མ་ལས་ཞུགས་བྱུང་ནས་ལས་གནས་ཐོག་བསྐྱོད་པ་ཤེས་རྗེས། ཁོང་གིས་བུ་ཕྲུག་ཚོས་མུ་མཐུད་ལས་ཀ་ཡག་པོ་བྱས་ཏེ་ལྷོ་ཁའི་འཕེལ་རྒྱས་དང་ཡར་ཐོན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད།
འཚམས་འདྲི་གནང་རིང་། ལི་ཧྥུའུ་ཀྲུང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་ནི་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་དགའ་འོས་པའི་དུས་སྟོན་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ཐོག་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་དང་། ལས་བྱེད་པ་རྒན་གྲས། གཞུང་དོན་ཆེད་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་གཟེངས་ཐོན་ལེགས་སྐྱེས་ཕུལ་བ་དག་བློ་ལ་བརྟན་པོར་ངེས་ནས་ཁོང་རྣམ་པའི་རྩ་ཆེའི་སྙིང་སྟོབས་དག་སློབ་སྦྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། དར་སྤེལ་ཡག་པོ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་འབད་འཐབ་ཀྱི་བརྒྱུད་རིམ་བློ་ལ་བརྟན་པོར་ངེས་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཐུབ་པའི་ཁྲིད་སྟོན་བྱེད་དགོས། བསམ་བློའི་ཐད་མཐོང་ཆེན་དང་། བསམ་པའི་ཐད་ཐུགས་ཁུར། འཚོ་བའི་ཐད་སེམས་ཁུར་བཅས་བྱས་ནས་རང་འགུལ་ངང་ཁོང་ཚོའི་དཀའ་ངལ་ཐག་གཅོད་བྱ་རྒྱུར་རོགས་རམ་ཧུར་ཐག་བྱས་ཐོག་ཞབས་ཞུའི་འགན་སྲུང་དེ་བས་ཡག་པ་མཁོ་འདོན་བྱེད་དགོས་པའི་ནན་གསུངས་གནང་ངོ་།
གྲོང་ཨུད་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྥུང་ཞའོ་དབྱི་འཚམས་འདྲིའི་རིང་མཉམ་དུ་ཕེབས་ཡོད་པ་རེད།།
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།