གཉིད་ནི་ངལ་དུབ་སེལ་བའི་གཞི་མ་ཡིན། གཉིད་ཡག་པོ་ཁུག་ན་གཟུགས་པོར་ཕན་པ་ཆེན་པོ་ཡོད་པ་ནི་ཨ་ཅང་བརྗོད་མེད་རེད། གཤམ་དུ་རྩོམ་སྒྲིག་པས་གཉིད་དང་འབྲེལ་བའི་ཤེས་བྱ་ཁག་གཅིག་ངོ་སྤྲོད་བྱ་རྒྱུ་ཡིན།
◆ ལོ་ཚོད་མི་འདྲ་བར་ཉལ་ཡུན་ཡང་མི་འདྲ་བ།
ཟླ་3མན་གྱི་ཕྲུ་གུ་དམར་འབྱར་ཉིན་རེར་ཆུ་ཚོད་13ནས་18བར་དང་། ཟླ་4ནས་11བར་གྱི་ཕྲུ་གུ་དམར་འབྱར་ཆུ་ཚོད་12ནས་16བར། ལོ་1ནས་2བར་གྱི་བྱིས་པ་ཆུ་ཚོད་11ནས་14བར། སློབ་ལོ་མ་ལོན་པའི་བྱིས་པ་ཆུ་ཚོད་10ནས་13བར། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཆུ་ཚོད་8ནས་10བར། དར་མ་ཆུ་ཚོད་7ནས་8བར་། རྒན་རྒོན་ཆུ་ཚོད་6ནས་7བར་བཅས་ཉལ་དགོས།
◆ ལོ་ཚོད་མི་འདྲ་བར་ཉལ་བའི་དུས་ཚོད་ཀྱང་མི་འདྲ་བ།
དར་མ་དགོང་མོའི་ཆུ་ཚོད་10ནས་11ནང་ཚུན་དུ་ཉལ་དགོས་པ་དང་ཞོགས་པའི་ཆུ་ཚོད་6ནས་7ནང་ཚུན་དུ་མལ་ལས་ལངས་དགོས་པ། རྒན་རྒོན་དགོང་མོའི་ཆུ་ཚོད་10ནས་11ནང་ཚུན་དུ་ཉལ་དགོས་པ་དང་ཞོགས་པའི་ཆུ་ཚོད་5ནས་6ནང་ཚུན་དུ་མལ་ལས་ལངས་དགོས།
◆ ཡུན་རིང་གཉིད་ཡག་པོ་མ་ཁུག་ཚེ་གནོད་འཚེ་གང་དག་ཡོད་དམ།
དུས་ཡུན་རིང་པོར་གཉིད་ཡག་པོ་མ་ཁུག་ཚེ་ཐམ་ཐོམ་དུ་གྱུར་བ་དང་། བློ་རྩེ་སྒྲིམ་དཀའ་བ། དྲན་ཤེས་སྐྱོ་རུ་ཕྱིན་ནས་སློབ་སྦྱོང་དང་ལས་ཀའི་ལས་ཕྱོད་དམའ་རུ་འགྲོ་བ་དང་། འགྲིམ་འགྲུལ་དང་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་སྲིད་པ། སེམས་འཚབ་ནས་གནས་བཟོད་མི་བདེ་བའི་སྣང་བ་བྱུང་སྟེ་ཚབས་ཆེ་ན་སེམས་ཁྲལ་དང་ཡིད་མུག་པ་སོགས་ཀྱི་ནད་འབྱུང་སྲིད་པ། གཟུགས་པོའི་ནད་འགོག་གི་ནུས་པ་སྐྱོ་རུ་ཕྱིན་ནས་འགོས་ནད་དང་། སྙིང་ཁམས་ཁྲག་རྩའི་ནད། བརྗེ་ཚབ་རང་བཞིན་གྱི་ནད། འབྲས་སྐྲན་གྱི་ནད་སོགས་ཕོག་པའི་ཉེན་ཁ་ཆེན་པོ་ཡོད།
◆ ཇི་ལྟར་བྱས་ན་གཉིད་ཡག་པོ་ཁུག་ཐུབ་བམ།
འཚོ་བའི་གོམས་གཤིས་ཡག་པོ་ནི་གཉིད་ཡག་པོ་ཁུག་པའི་རྩ་བ་ཡིན། རྒྱུན་དུ་ལུས་སྦྱོང་འོས་འཚམ་བྱེད་པ་དང་། ཉི་མ་འོས་འཚམ་སྲོ་བ། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཐུབ་པ་བྱེད་པ། ཉལ་ཁྲི་འབོལ་པོར་མི་ཉལ་བ། མ་ཉལ་གོང་རྐང་པ་སྦངས་པ་དང་གཟུགས་པོ་འཁྲུ་བ། ཨ་རག་དང་། ཆང་། ཇ་བཅས་མི་འཐུང་བ། དགོང་ཟས་མང་པོ་ཟ་རྒྱུ་མེད་པ་དང་དགོང་ཟས་ཕྱི་པོ་ཟ་རྒྱུ་མེད་ལ། ཡག་ཤོས་བྱུང་ན་ཁ་པར་ཡང་རྩེ་རྒྱུ་མེད།