第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་(རྒྱ་ཆེ)ཚོགས་འདུ་སྐོང་འཚོགས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ཕྱོགས་སྡོམ་བྱས་པ།
མཐོ་འབྲིང་གི་འཛིན་གྲྭའི་དོ་དམ་ལས་ཚད་ལྡན་མི་སྣ་གསོ་སྐྱོང་སྐོར་ལ་རགས་ཙམ་དཔྱད་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་གཉིས་པའི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་བཞི་པ་འཚོགས་པ།
| 山南网首页 |
2024年11月1日 星期
3 上一篇  下一篇 4 放大 缩小 默认
མཐོ་འབྲིང་གི་འཛིན་གྲྭའི་དོ་དམ་ལས་ཚད་ལྡན་མི་སྣ་གསོ་སྐྱོང་སྐོར་ལ་རགས་ཙམ་དཔྱད་པ།
 

འཛིན་གྲྭའི་དོ་དམ་དང་འཛིན་གྲྭའི་མ་ལག་གི་གྲུབ་ཆའི་ཁྲོད་དུ། ང་ཚོས་རྒྱུན་དུ་དགེ་རྒན་ཕུལ་བྱུང་ཞིག་གིས་ལོ་ག་ཚོད་ཀྱིས་འཛིན་བདག་མང་བ་བྱས་ན་དེ་བས་ཀྱང་འཛིན་གྲྭའི་དོ་དམ་ཁྲོད་དུ་དམིགས་བསལ་ནུས་པ་ཐོན་ཞིང་། ཁོ་ཚོར་འཛིན་གྲྭའི་དོ་དམ་བྱེད་ལུགས་ཐད་དམིགས་བསལ་གྱི་ནུས་པ་ལྡན་ཡོད་པ་མ་ཚད། ད་དུང་ཕྱོགས་ཡོངས་ནས་སློབ་མའི་གནད་ཚད་རྟོགས་པ་དང་སློབ་མ་གསོ་སྐྱོང་བྱེད་ཕྱོགས་ལ་ཐབས་ལམ་སྣ་ཚོགས་རྙེད་ཀྱིན་ཡོད། དཔེར་ན། སོ་ནམ་གྱི་ལས་ལ་ཞུགས་པའི་སྐབས་སུ་ཐོག་མར་སྐྱེ་དངོས་སྣ་ཚོགས་ཀྱི་འཚར་སྐྱེའི་ཁྱད་ཆོས་ཤེས་ན་ད་གཟོད་གཞི་ནས་དུས་དང་མཐུན་པའི་སྒོ་ནས་སྐྱེ་དངོས་འཚར་ཐུབ་པ་ལྟར་ཚད་ལྡན་གྱི་མི་སྣ་གསོ་སྐྱོང་བྱེད་ཐབས་ཡང་དེ་ལས་མ་འདས།

ལང་ཚོ་དར་ལ་བབས་པའི་མཐོ་འབྲིང་སློབ་མར་མཚོན་ན། ཀུན་སྤྱོད་སློབ་གསོའི་ནུས་ལྡན་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་ལ་སྣང་ཆུང་བྱེད་མི་རུང་། དེའི་ཐད་འཛིན་གྲྭའི་རྒྱུན་གཏན་གྱི་སློབ་གསོའི་དོ་དམ་ཁྲོད་རྒྱ་ཆེའི་འཛིན་བདག་དང་སློབ་ཁྲིད་དགེ་རྒན་གྱིས་གོ་སྐབས་ཁག་སྟངས་འཛིན་ཡང་དག་བྱེད་པ་དང་སློབ་མའི་ཤེས་རྟོགས་དང་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས“སྤྲོ་སྣང་ལྡན་པའི་ཀུན་སྤྱོད་སློབ་གསོ་དང་། ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བྱེད་པའི་བྱ་ཐབས་བདམས་ནས་ཀུན་སྤྱོད་སློབ་གསོའི་སིམ་འཛུལ་ལ་ཤུགས་སྣོན་རྒྱག་པ་དང་། སློབ་མའི་རང་ཚུགས་དང་འགལ་འདུ་སོགས་ཀྱི་སེམས་ཁམས་སྙོམས་སྒྲིག་ནུས་ལྡན་ཐུབ་རྒྱུར་རོགས་རམ་བྱས་ཏེ་མཐོ་རིམ་སློབ་འབྲིང་འཛིན་གྲྭའི་སློབ་གསོའི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་དུས་མཚུངས་སློབ་མའི་སླད་ཕྱིན་གྱི་སློབ་སྦྱོང་འཕེལ་རྒྱས་ལ་རྨང་གཞི་ཡག་པོ་ཞིག་འདིང་དགོས། སྐབས་འདིར་བརྗོད་པའི་བྱམས་བརྩེའི་སློབ་གསོ་ནི་འཛིན་བདག་རང་ཉིད་ཀྱི་སྒེར་སེམས་དང་དགའ་ཞེན། བྱིས་པ་རེ་རེའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ལུས་ངག་ཡིད་གསུམ་ནས་རྣམ་དག་ལས་ལ་འབད་ཕྱོགས་ཀྱི་བརྩེ་སེམས་ཡིན།

དང་པོ། སློབ་གསོའི་ཐབས་ལམ་ཇི་ལྟར་འདེམ་སྒྲུག་དང་གཏན་ཁེལ་བྱེད་ཕྱོགས།

༡ བྱམས་བརྩེ་དང་ལྡན་པའི་དགེ་རྒན་ཞིག་བྱེད་དགོས།

འཛིན་བདག་གི་ལས་གནས་དེར་དགེ་རྒན་ཞིག་གིས་རང་གི་འབད་བརྩོན་ལ་བརྟེན་ནས་འཛིན་གྲྭ་འདི་སྒྲིག་འཛུགས་ལྡན་པ་ཞིག་དང་། སློབ་མའི་དོ་དམ་ཐད་གལ་ཆེན་གྱི་ནུས་པ་ཞིག་ཐོན་ཐུབ་མོད། འོན་ཀྱང་སེམས་གཏིང་ནས་སློབ་མར་བྱམས་དང་བརྩེ་བས་མ་བསྐྱངས་ན། དགེ་རྒན་དེ་ནི་ནམ་ཡང་དོན་ངོ་མར་སློབ་མའི་ཁྲོད་དུ་སིམ་འཛུལ་བྱེད་མི་ཐུབ། རིམ་བཞིན། དགེ་རྒན་དེ་རིགས་སློབ་མའི་ཁྲོད་དུ་ཡིད་ཆེས་མེད་པར་གྱུར་ཏེ། འཛིན་གྲྭའི་སྒྲིག་སྲོལ་ལམ་དོ་དམ་ཡང་ཇེ་སྡུག་ཏུ་གྱུར་ངེས་ཡིན། དེ་ལས་ལྡོག་སྟེ། སློབ་མར་དགའ་ཞེན་ཡོད་པའི་འཛིན་བདག་དེ་དག་གིས་སློབ་མ་མཐོང་དུས། སེམས་ནང་བྱམས་དང་བརྩེ་བ་ལྡན་པ། གཏམ་སྨྲ་བ་དང་བྱ་བ་གང་སྒྲུབ་པའི་སྐབས་སུ་སློབ་མའི་དགོས་མཁོ་དངོས་ལ་བསམ་བློ་གཏོང་སྲིད། སློབ་མ་རྣམས་ཀྱིས་ཀྱང་དགེ་རྒན་དེ་རིགས་ཀྱི་རྗེས་སྙེག་ན་བློ་ཧ་ཅང་བདེ་བ་དང་། སེམས་ཁམས་སྐྱིད་པ། ལྷག་པར་དུ་སེམས་ནང་དུ་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་བསྐྱེད་སྲིད་པས། ཁོང་ཚོའི་ཚེ་སྲོག་གི་རྣམ་པ་ནི་བདེ་ཐང་ཡིན་ལ་གྲུང་ཤ་དོད་པ་ཞིག་ཡིན།

《མཁས་འཇུག》ལས“གཙང་མཁས་གཞན་ལ་ཕན་པར་འདོད”ཅེས་དགེ་རྒན་གྱི་མཚན་ཉིད་དུ་བཞག་པ་ལས་ཀྱང་གཙང་ཞེས་པ་ནི་བསམ་བློའི་ཀུན་སློང་རྣམ་པར་དག་པ་ཞིག་ཡིན་དགོས་ཚུལ་གསུངས་པ་དེའོ།

༢ འགན་ཁུར་གྱི་འདུ་ཤེས་ཡོད་དགོས་པའི་དགེ་རྒན་ཞིག་བྱེད་དགོས་པ།

སྐབས་འདིར་བརྗོད་པའི་“འགན་ཁུར་གྱི་འདུ་ཤེས”ནི་རང་རྟོགས་ཀྱི་འགན་འཁྲི་ཡིན་པ་ལས་སློབ་གྲྭའི་འགོ་ཁྲིད་ལ་སོགས་ཀྱིས་རང་ཉིད་ལ་སྤྲད་པའི་ཁུར་པོ་མིན། འགན་ཁུར་གྱི་འདུ་ཤེས་ཡོད་པའི་འཛིན་བདག་ཅིག་གིས་རང་འགུལ་གྱིས་ཞོགས་པ་སྔ་པོ་ནས་འཛིན་གྲྭར་ཡོང་ནས་སློབ་མ་ཚོ་དང་མཉམ་དུ་གཙང་སྦྲ་བྱེད་པ་དང་། གཏམ་གླེང་བྱེད་པ། སྦྱོང་ཚན་བསྡུ་རུབ་བཅས་བྱས་ནས་དགེ་སློབ་དབར་གྱི་འབྲེལ་བ་འདི་དམ་ཟབ་ཏུ་གཏོང་གི་ཡོད། དེས་མ་ཚད་སློབ་གསེང་སྐབས་དགེ་རྒན་དེ་རིགས་ཀྱིས་སློབ་ཁང་དུ་སློབ་མ་ཚོ་དང་སྐད་ཆ་ཤོད་པ་དང་རྩེད་མོ་རྩེ་རོགས་སོགས་བྱས་ནས་སློབ་མའི་སེམས་ཁམས་ལ་རྒྱུས་ལོན་བྱེད་པ་དང་། སློབ་གྲྭ་གྲོལ་བའི་སྐབས་སུ་དུས་ཚོད་དང་པོར་སློབ་ཁང་དུ་ཡོང་ནས་སློབ་མ་རེ་རེ་དང་ཉིན་རེའི་ཞལ་གྱེས་ཞུ་ཡི་ཡོད།

འགན་འཁྲིའི་འདུ་ཤེས་ཡོད་པའི་འཛིན་བདག་གིས། བྱིས་པའི་འཚར་ལོངས་དང་འབྲེལ་བ་ཡོད་པའི་བྱ་བ་ཡོད་ཚད་སློབ་གྲྭས་བཀོད་སྒྲིག་བྱས་ཡོད་མེད་ལ་མ་བལྟོས་པར་རང་འགུལ་གྱིས་ལེགས་པར་སྒྲུབ་དགོས་པ་ཞིག་ཡིན་ལ། གོ་སྐབས་སྣ་ཚོགས་དམ་འཛིན་བྱས་ནས་སློབ་མའི་འཚར་ལོངས་དང་མི་སྣ་གསོ་སྐྱོང་ཡོང་བར་བྱེད་ནུས་གལ་ཆེན་ཞིག་འདོན་བཞིན་ཡོད།

གཉིས་པ། ཕུལ་བྱུང་གི་འཛིན་བདག་ནི་ཇི་ལྟ་བུ་ཞིག་ཡིན་དགོས་སམ།

སློབ་གྲྭའི་འཛིན་བདག་གི་དཔུང་ཁག་ནང་དུ་སློབ་གནས་མཐོ་བའི་དགེ་རྒན་མང་པོ་ཡོད་ཀྱང་ཕུལ་བྱུང་གི་འཛིན་བདག་ཏུ་གྱུར་བ་ནི་ཧ་ཅང་ཉུང་། རྒྱུ་མཚན་ནི་འཛིན་བདག་ཁ་ཤས་ཀྱིས་བཤད་ཤེས་ཀྱང་སྒྲུབ་མི་ཐུབ་པ་དང་། ཇི་ལྟར་བྱེད་དགོས་པ་འདྲི་འདོད་ཀྱང་དེ་ལྟར་བྱེད་མི་འདོད་པའི་རྐྱེན་གྱིས། ཤེས་བྱ་བརྒྱུད་སྒྲོག་བྱེད་ཤེས་པ་ཙམ་དང་གནད་དོན་འདོན་པ་དང་གནད་དོན་དབྱེ་ཞིབ་བྱེད་ཤེས་པ་ཙམ་ལས་གནད་དོན་ཐག་གཅོད་མི་ཐུབ་པའི་གནས་སུ་གྱར་གྱི་ཡོད།

དགེ་རྒན་དེ་རིགས་ནི་དོན་དམ་དུ་ཕུལ་བྱུང་གི་འཛིན་བདག་ཅིག་ཏུ་འགྱུར་དཀའ་བ་ཡིན་ཏེ། སློབ་མའི་གནས་ཚད་དང་སེམས་ཁམས་ཀྱི་འགྱུར་ལྡོག འཚོ་བའི་དཀའ་ཁག་སོགས་ལ་རྒྱུས་མངའ་དབེན་པས། ནད་ཀྱི་གཉེན་པོ་སྨན་བཞིན་དོན་དམ་པའི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཐད་ལ་འབད་དགོས་པ་ཡིན།

༡ དོ་དམ་གྱི་ནུས་པ་ལྡན་དགོས་པ།

དོ་དམ་ནུས་པ་ཞེས་པ་ནི་འཛིན་བདག་གིས་འཛིན་གྲྭའི་ནང་གི་སློབ་མ་དང་བྱ་བར་དམིགས་ནས། དེ་མཐུན་གྱི་དོ་དམ་ལམ་ལུགས་གཏན་འབེབས་བྱས་ཏེ། འོས་འཚམ་གྱི་དོ་དམ་པ་བདམས་ཤིང་། སློབ་མ་དང་བྱ་བར་ཕན་ནུས་ལྡན་པའི་དོ་དམ་ལེགས་པོ་བྱས་ཏེ། སློབ་མ་རེ་རེ་རང་རྟོགས་ཀྱིས་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་པ་ལ་ཟེར།

འཛིན་བདག་གི་ལས་ལ་དང་པོ་ཞུགས་མཁན་གྱི་དགེ་རྒན་མང་པོས་འཛིན་གྲྭའི་ནང་དུ་དོན་དག་གང་དག་ཡོད་པ་མི་ཤེས་པ་དང་། མི་སུ་ཞིག་བཙལ་ནས་འཛིན་གྲྭའི་བྱ་བ་འདི་དག་སྒྲུབ་ཀྱིན་ཡོད་པ་མི་ཤེས། ཐ་ན་སེམས་ཀྱང་ཐང་ཆད་པའི་ངང་ནས་རང་ཉིད་ཀྱི་ནུས་པ་ལ་ཡང་དོགས་པ་སྐྱེ་སྲིད། ཁོ་ཚོར་དཀའ་ཁག་འདི་དག་བྱུང་བའི་རྒྱུ་མཚན་གཙོ་བོ་ནི་ཁོ་ཚོ་སློབ་གྲྭ་འགྲིམས་པའི་སྐབས་རིག་ཚན་སྦྱངས་པ་བྱས་པ་ལས་འཛིན་གྲྭའི་ནང་དུ་དོ་དམ་གྱི་འགན་ཁུར་མྱོང་མེད་པས་རེད།

ཇི་ལྟར་བྱས་ན་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་ཐུབ། ཐབས་ཤེས་ཡག་ཤོས་ནི་ལག་ལེན་གྱི་ཁྲོད་དུ་འཚོལ་ཞིབ་དང་། ལེགས་སྒྲིག ཕྱོགས་བསྡོམས་བཅས་བྱས་ཏེ་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དོ་དམ་བྱེད་སྟངས་ཤིག་ཆགས་པ་བྱ་རྒྱུ་དེ་ཡིན། དེ་མིན་ད་དུང་དོ་དམ་བྱེད་ཕྱོགས་སྐོར་གྱི་དཔེ་ཆ་འགའ་ཀློག་དགོས། ལྷག་པར་དུ་འཛམ་གླིང་གི་ཁེ་ལས་སྟོབས་ལྡན་ལྔ་བརྒྱ་ལྷག་གི་དོ་དམ་དཔེ་ཆ་དག་ཀློག་དགོས། ཁེ་ལས་ཀྱི་ནུས་ལྡན་གྱི་དོ་དམ་ཐབས་ཇུས་དེ་འཛིན་གྲྭའི་དོ་དམ་ཁྲོད་དུ་བཞག་སྟེ། སློབ་མའི་དོ་དམ་ནུས་པ་དང་འགོ་ཁྲིད་ནུས་པ་བསམ་བཞིན་དུ་གསོ་སྐྱོང་བྱེད་དགོས།

༢ ཕན་ཚུན་འབྲེལ་འདྲིས་ནུས་པ་གསོ་སྐྱོང་བྱ་དགོས།

ཁྱིམ་ཚང་དང་སློབ་གྲྭའི་དབར་གྱི་འགལ་བ་དང་དགེ་སློབ་དབར་གྱི་འགལ་བ་ཚང་མ་མཐུན་སྦྱོར་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཡིན་པ་རེད། ཕུལ་བྱུང་འཛིན་གྲྭའི་འཛིན་བདག་གི་འབྲེལ་འདྲིས་ནུས་པ་ཧ་ཅང་བཟང་དོན་ནི་ཁོ་ཚོས་འོས་ཤིང་འཚམ་པའི་སྒོ་ནས་གསལ་བཤད་བྱེད་ཤེས་པས་ཡིན། ཁོ་ཚོས་བཤད་པའི་སྐད་ཆ་ནི་སློབ་མས་ཉན་པར་དགའ་ཞིང་ཁྱིམ་བདག་གིས་ཉན་པར་དགའ་བས། དགེ་སློབ་ཀྱི་འབྲེལ་བ་དང་ཁྱིམ་ཚང་དང་སློབ་གྲྭའི་འབྲེལ་བ་གང་ཡིན་རུང་ཚང་མ་བདེ་ཐང་ཡིན། འབྲེལ་འདྲིས་ཀྱི་ནུས་པ་དེ་ཡང་ལྷན་སྐྱེས་མ་ཡིན་པར་ཆེད་དུ་སྦྱོང་བརྡར་དང་འབྲེལ་བ་ཟབ་མོ་ཡོད།

གོང་གི་བྱེད་ནུས་དེ་དག་ལས་ཤེས་ཐུབ་པ་ཞིག་ནི། མཐོ་འབྲིང་འཛིན་བདག་གི་རྒྱུན་ལྡན་གྱི་ཀུན་སྤྱོད་སློབ་གསོའི་བྱ་བའི་ཁྲོད་དུ་ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བྱེད་པའི་འདུ་ཤེས་དེ་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པ་རེད། རྒྱ་ཆེའི་མཐོ་རིམ་སློབ་འབྲིང་གི་འཛིན་བདག་གིས“ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བྱེད་པའི”འདུ་ཤེས་ཀྱི་ནང་དོན་ཡང་སྙིང་གང་ཞིག་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་དགོས་པ་མ་ཟད། ད་དུང་དེའི་ནང་དོན་དང་ཟུང་འབྲེལ་བྱས་ནས་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་དམིགས་ཚད་དང་། ནང་དོན། བྱ་ཐབས་བཅས་ཁ་གསལ་བཟོ་བ་དང་འབྲེལ་ཡོད་ཀྱི་ཤེས་བྱ་ལ་ཕྱོགས་ཡོངས་ནས་ལག་སྟར་དོན་འཁྱོལ་ཐུབ་པ་བྱས་ཚེ། གཞི་ནས་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་མི་སྣ་གསོ་སྐྱོང་སྐབས་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་འགན་ལེན་ཐུབ་པ་དང་སློབ་མའི་མི་གཤིས་ཀྱང་སྔ་ཕྱི་བར་གསུམ་དུ་ཕུགས་བསམ་ཅན་དུ་འགྱུར་ཐུབ་བོ། །

(ལྷོ་ཁ་མཐོ་རིམ་སློབ་འབྲིང་གསུམ་པ། བསྟན་འཛིན་རྡོ་རྗེ)

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་(རྒྱ་ཆེ)ཚོགས་འདུ་སྐོང་འཚོགས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ཕྱོགས་སྡོམ་བྱས་པ།
མཐོ་འབྲིང་གི་འཛིན་གྲྭའི་དོ་དམ་ལས་ཚད་ལྡན་མི་སྣ་གསོ་སྐྱོང་སྐོར་ལ་རགས་ཙམ་དཔྱད་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་གཉིས་པའི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་བཞི་པ་འཚོགས་པ།