འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་བཅུ་པ་སྐོང་འཚོགས་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་དགོངས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་དགོངས་དོན། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་གི་གསུང་བཤད་གལ་ཆེན་དགོངས་དོན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་དགོངས་དོན་སོགས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། རྟེན་འབྲེལ་ཞུ་ཡིག་གལ་ཆེན། ཡིག་ལན་གལ་ཆེན་བཅས་ཀྱི་དགོངས་དོན་དང་། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་ (པར་ངོས་གསུམ་པར་གཟིགས)
(པར་ངོས་དང་པོར་མཐུད) བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། གོང་གི་དུས་ཚིགས་གསུམ་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་དང་། བུན་འཛིན་གྱི་རྣམ་གྲངས་སྐུལ་སྤེལ་བྱས་ཚུལ་སྙན་ཞུ་གསན་པ་དང་། འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
གྲོང་ཁྱེར་འགོ་ཁྲིད་ཧྲན་ཆང་དང་། ཝང་ཡུན་ཆིང་། ཡང་ཧུང་པིང་། ཚེ་རིང་། ཀྲེན་ཁྲོན་ཅིང་། ཕུན་ཚོགས། ལིའུ་ཙུང་ཁྲང་། ཚེ་རིང་གཡང་འཛོམས་བཅས་ཚོགས་འདུར་ཞུགས།
བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས“དོན་ཆེན་བཞི”ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་ནུས་ཤུགས་ཡོད་རྒུས“འཛུགས་གཏོད་བཞིར”སྐུལ་འདེད་བཏང་ནས་ལྷོ་ཁའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་བྱས་པའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། ཆུ་བཅོས་ཆུ་སྤེལ་གྱི་ལས་དོན་ལེགས་པར་བསྒྲུབ་དགོས། ཐོག་མཐའ་བར་གསུམ་དུ་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ་རང་འགུལ་ངང་ལྷོ་ཁའི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ནང་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས། ཀྲང་གོ་ཧྭ་དང་། ཀྲང་ཀུའེ་རུང་། སྒྲོལ་དཀར། གཡང་འཛོམས་སོགས་དཔའ་བོ་དཔེ་བཟང་གི་མཛད་རྗེས་དྲིལ་བསྒྲགས་ཡག་པོ་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་བརྩི་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོ་བརྩོན་ལེན་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དུས་བཀག་ལྟར་བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་དོན་སྙན་ཞུ་ཉན་ནས་དཀའ་གནད་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་རང་འཁྲིའི་འགན་འཁྲིར་གཞི་ཚུགས་ཏེ། ཞབས་ཞུའི་ལྟེ་གནས་ལས་ཀའི་ཁྱོན་ཡོངས་ཁྲོད་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས། སྒོ་དབྱེའི་འདུ་ཤེས་ཟབ་ཏུ་བཏང་སྟེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་ཧུར་ཐག་ཞུགས་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད་ངང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཚོང་དོན་ལ་སྣང་ཆེན་དང་། ཚོང་དོན་ལ་དགའ་ཞེན། ཚོང་དོན་བདེ་འཇགས་བཅས་ཀྱི་རྣམ་པ་ཟབ་མོ་ཕྱོགས་ཡོངས་ནས་གཏོད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གཏོད་པའི་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས།“ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔ”རྒྱུན་གཏན་དང་ཞིབ་ཕྲའི་ཁྲོད་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།
བསམ་གྲུབ་ཚེ་རིང་གིས་བླང་བྱ་བཏོན་གནང་དོན། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》སྔོན་ཚུད་ནས་ཇུས་འགོད་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཆར་ཟིན་བཀོད་དེ་ལྷོ་ཁའི་དོན་དངོས་དང་མཐུན་པ་དང་མི་དམངས་ཀྱི་བསམ་འདུན་མཚོན་པར་བྱེད་དགོས། འཆར་གཞིའི་རང་བཞིན་དང་། ཚན་རིག་རང་བཞིན། ཁྱོན་ཡོངས་རང་བཞིན། ཕན་འབྲས་རང་བཞིན། དབང་གྲགས་རང་བཞིན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་2025ལོར་གྲོང་ཁྱེར་ཡོངས་ཀྱི་ཚན་པའི་སྔོན་རྩིས་སྒྲིག་བཟོའི་ལས་དོན་གནད་ལ་འཁེལ་ཞིང་ཞིབ་ཚགས་པའི་སྒོ་ནས་ཡག་པོ་སྒྲུབ་དགོས། རྣམ་གྲངས་ཀྱི་དུས་འགོའི་གྲོན་དངུལ་གྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཀྱི་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་འགན་འཁྲི་ཁུར་སེམས་དང་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་། ལས་དོན་ཧུར་ཐག་སྒྲུབ་པ། བསམ་བློ་གཅིག་ཏུ་གཏོང་བ། ནུས་ཤུགས་གཅིག་ཏུ་འདོན་པ་བཅས་བྱས་ཏེ་དཀའ་ངལ་མཐའ་དག་ཁྱད་བསད་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་སོ།ཡེ་བཟང་གིས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།