འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ངེད་གྲོང་ཁྱེར་གྱིས“གུད་གསབ་ལས་སྤྲོད”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དགུན་དུས་ཀྱི་ཞིང་ནང་ཆུ་བེད་ཆུང་གྲས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཏེ། སྔ་རྗེས་སུ་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཆུ་འདྲེན་ཁུལ་དང་གྲོ་ཡུལ་ཆུ་འདྲེན་ཁུལ་སོགས་ཆུ་བེད་ལས་གྲྭ་གལ་ཆེན་བསྐྲུན་པས། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་100ལྷག་ཙམ་མང་དུ་དང་ལེགས་སུ་ཕྱིན་པ་དང་ཞིང་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། ཞིང་ལས་ཀྱི་ཆུ་འདྲེན་ཆུ་སྤྱོད་དགོས་མཁོའང་འགན་ལེན་ནུས་ལྡན་ཐུབ་ཡོད།
ས་ཞིང་གི་ཆུ་བེད་ཆུང་གྲས་ལ་ཐན་འགོག་དང་འཁྱིལ་ཆུ་བཤང་བའི་ནུས་པ་ལྡན་ལ། ཐན་ཞོད་ཀྱི་གནོད་འཚེ་འགོག་པར་དམིགས་བསལ་གྱི་ནུས་པ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ངེད་གྲོང་ཁྱེར་གྱིས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་དང《ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ནང་ཆུ་བེད་ཆུང་གྲས་འཛུགས་སྐྲུན་མ་དངུལ་དོ་དམ་བྱ་ཐབས(ཚོད་ལྟ་བྱ་ཐབས)》བཏོན་པ་མ་ཟད། ཞིང་ནང་ཆུ་བེད་ཆུང་གྲས་སྐྲུན་པའི་མ་དངུལ་གྲོང་ཁྱེར་དང་རྫོང་རིམ་པའི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ་ལོ་རེ་བཞིན་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ནན་པོ་བྱས་ཡོད། 2023ལོ་ཚུན་ངེད་གྲོང་ཁྱེར་གྱིས་ཆེད་དོན་མ་དངུལ་སྒོར་ཁྲི་7751བཏང་ནས་ས་ཞིང་གི་ཆུ་བེད་ཆུང་གྲས་ཀྱི་རྣམ་གྲངས་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་བརྒྱབ་པའི་ནང་2023ལོར་སྒོར་ཁྲི་3141བཏང་ནས་རྣམ་གྲངས་110ལག་བསྟར་བྱས་པ་དང་། 2024ལོར་མ་དངུལ་སྒོར་ཁྲི་4610བཏང་ནས་རྣམ་གྲངས་458ལག་བསྟར་བྱས་ཡོད།
དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ནང་ཆུ་བེད་ཆུང་གྲས་སྒྲིག་བཀོད་ཀྱི་རྒྱུན་གཏན་དོ་དམ་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཆུ་ཡུར་དང་། ཆུ་རྫིང་། ཆུ་ལེན་ས། ཆུ་ལོག་འགོག་རགས་སོགས་ཀྱི་སྒྲིག་བཀོད་གཙང་སེལ་དང་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་ཆུ་འདྲེན་པའི་ཆ་རྐྱེན་སྔར་བས་ལེགས་སུ་བཏང་ཐོག་རྨོ་ཞིང་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཆུ་འདྲེན་པའི“མཐའ་མའི་འགག་གནད”གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད།
རྣམ་གྲངས་ལག་བསྟར་བྱེད་རིང་ལྷོ་ཁ་གྲོང་ཁྱེར་གྱིས“རྒུད་གསབ་ལས་སྤྲོད”རྣམ་པ་བརྒྱུད་ས་གནས་དེ་གའི་མང་ཚོགས་རྣམས་ཞིང་ནང་ཆུ་བེད་རྣམ་གྲངས་ཆུང་གྲས་འཛུགས་སྐྲུན་ནང་ཞུགས་སུ་བཅུག་ཡོད་ཅིང་། 2024ལོ་ནས་བཟུང་རྒུད་གསབ་ལས་སྤྲོད་མ་དངུལ་80%ཡན་ཞིང་འབྲོག་མང་ཚོགས་ཀྱི་ལག་ཏུ་སྤྲད་ནས“དགུན་དལ”དེ“དགུན་བྲེལ”དུ་བསྒྱུར་ཐོག་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད། ཟླ་5ཚེས་24ཉིན་བར། གྲོང་ཁྱེར་ཡོངས་ཀྱིས་ལས་མི་ཁྲི་3.55དང་མི་ཐེངས་ཁྲི་15.32ལ་སྣེ་ཁྲིད་བྱས་པར་གླ་ཕོགས་སྒོར་ཁྲི་3700ལྷག་ཙམ་སྤྲད་ཡོད་པ་རེད། བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་བསྒྱུར།