ཚ་ཟེར་དུས་ཀྱི་དབྱར་ཟླ་འདིར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་གོང་དཀར་རྫོང་གི་ནགས་བཟོ་སྔོ་འགྱུར་རྣམ་གྲངས་ཡིན་པའི་རྒྱ་དྲུག་གླིང་ས་ཁོངས་དང་པོའི་ཁུལ་དུ་བསྐྱོད་ཙ་ན། སྔོ་ཐིང་ཐིང་གི་རྣམ་པ་ཞིག་མཐོང་རྒྱུ་ཡོད། རི་རྩེ་དེད་ནས་དལ་མོར་བསྐྱོད་ཚེ། མཐའ་བཞིའི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། སྔོ་ཐིང་ཐིང་གི་ཤུག་སྡོང་དང་། གསོམ་ཤིང་། ལོ་མ་ཆུང་ཆུང་གི་སྦྱར་པ་སོགས་ལྗོན་ཤིང་སྣ་ཚོགས་སྐྱེ་མཚར་ལེགས་ཅིང་། སྔོ་མདངས་རྒྱས་པའི་ལྗོན་ཤིང་གི་ལོ་འདབས་དག་ཉི་འོད་དང་སྡེབ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་འདུག།
ལོ་གསུམ་གྱི་གོང་རོལ་དུ། འདི་གར་ནི་སྐྱ་ཐེར་ཐེར་གྱི་ས་རྒོད་ཤ་སྟག་རེད། གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་རྒྱ་དྲུག་གླིང་གྲོང་ཚོའི་གྲོང་མི་ཉི་མ་རྡོ་རྗེས“སྔོན་ཆད་རི་འདིའི་སྒང་ལ་ཤིང་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པར་དཀར་པོ་དཀར་རྐྱང་རེད། སྐབས་དེ་དུས་ལྷགས་པ་ཆེན་པོ་རྒྱག་སྐབས་གྲོང་ཚོའི་ནང་བྱེ་མས་ཁེངས་ནས་སྡོད་ཀྱི་ཡོད་པ་མ་ཟད། ཉིན་ལྟར་གཙང་སྦྲ་བྱས་ཚར་གྱི་མི་འདུག། ཉེ་བའི་ལོ་ཤས་ནང་རི་སྟེང་དུ་ལྗོན་ཤིང་བཙུགས་རྗེས། ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ལྷག་པར་དུ་སྒོ་རའི་ནང་ཧ་ལམ་བྱེ་མ་མཐོང་རྒྱུ་མེད་པས་གྲོང་ཚོའི་ཁོར་ཡུག་དེ་བས་གཙང་མ་ཆགས་སོང་ཞེས་བརྗོད།
ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། ངེད་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་ལེན་ནན་པོར་བསྟར་ཏེ། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཐོག། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བས། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་འདི་ཉིད་ལས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་སྟེ་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། སྐྱེ་ཁམས་བཅས་ཀྱི་ལས་རིམ་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཡུན་རིང་སྐྱ་ཐེར་དུ་ལུས་པའི་རི་རྒོད་དུ་ལྗོན་ཤིང་འཛུགས་པ་དང་། སྐྱེ་མཚར་ཡག་པ། དོ་དམ་ལེགས་པ་བཅས་བྱེད་པའི་ཐད། ངེད་གྲོང་ཁྱེར་གྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པའི་རྨང་གཞིའི་ཐོག་ངལ་ནུས་དང་མ་དངུལ་འཕོན་ཆེན་བཏང་སྟེ་འབྲེལ་ཡོད་ཚད་གཞི་ལྟར་སྡོང་ཁུང་འདྲུ་བ་དང་། ས་ངན་མེད་པ་བཟོ་བ། ས་ལུད་རྒྱག་པ། སྡོང་ཕྲུག་འཛུགས་པ་སོགས་ཀྱི་ལས་རིམ་ཁག་ནང་འཚོལ་ཞིབ་དང་ལག་ལེན་བྱེད་པའི་ཁྲོད། ཉམས་མྱོང་གང་མང་བསྡུ་ལེན་བྱས་པ་བརྒྱུད་མཐར་གསོམ་ཤིང་དང་། ཤུག་པ། ལོ་མ་ཆུང་བའི་སྦྱར་པ་སོགས་ཐན་འགོག་དང་གྲང་འགོག་གི་ནུས་པ་ཡག་པའི་ཤིང་སོན་ཁག་8བདམས་ཡོད། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ནགས་བཟོའི་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། གྲོང་ཁྱེར་བཀོད་འདོམས་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཐོན་སྐྱེད་བདེ་འཇགས་འགན་ལེན་དང་ལག་བསྟར་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་མཐོང་ཆེན་བྱས་ཐོག། བཀོད་སྒྲིག་དང་སྐུལ་འདེད་གོམ་པ་མཉམ་བགྲོད་བྱས་པའི་རྨང་གཞིའི་ཐོག་རྩ་འཛུགས་འགོ་ཁྲིད་དང་། དོ་དམ་འགན་ནུས་ཚད་ལྡན་དུ་བཏང་བ་དང་། ལམ་ལུགས་འཐུས་ཚང་བཟོས་པ། ལས་ཡུན་ལྡོག་སྒྲིག་གིས་དུས་ཚོད་དམ་འཛིན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག། ལག་རྩལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། “སྡོང་ཕྲུག་ལེགས་འདེམས་ལེགས་གསོ་དང་། དོ་དམ་བདག་སྐྱོང་འགག་སྒོ”ནན་པོ་ང་སྟེ“བཙུགས་པ་ཐམས་ཅད་གསོན་ཐུབ་པའི”འགན་ལེན་བྱས་ཡོད་པ་རེད།
གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་མཐོ་རིམ་ལག་རྩལ་པ་དོན་གྲུབ་ཀྱིས། “ཐོག་མར་རི་སྟེང་དུ་སྡོང་ཁུང་འདྲུ་སྐབས་དཀའ་ལས་ཁག་པོ་འདུག གང་ཡིན་ཟེར་ན། རྡོ་མང་བའི་ཐོག་ས་མཁྲེགས་པོ་ཡོད་ཙང་། ལས་མི་ཚོས་འཇོར་དང་སྦྱག་མ་སྤྱད་དེ་ས་སྦྱག་མ་རེ་རེ་འདོན་དགོས་པ་དང་། ལྕང་སོན་དབོར་སྐབས་སྒལ་པར་དབོར་འདྲེན་དང་། རྟ་བོང་ལ་བརྟེན་དགོས། མ་ཟད། ཆུ་དང་གློག་གཉིས་ནི་དཀའ་ལས་ཁག་ཤོས་རེད། དེར་བརྟེན་ང་ཚོས་ཁྲོན་པ་དྲུས་པ་དང་། ཆེད་མངགས་གློག་སྐུད་འཐེན་པ་ཡིན། དེང་སང་རྒྱ་དྲུག་གླིང་ས་ཁོངས་དང་པོའི་ལྕང་མ་གསོན་ཚད་བརྒྱ་ཆ་87ཡན་ཟིན་ཡོད། ས་ཆ་ཆ་ཤས་སུ་གསོན་ཚད་བརྒྱ་ཆ་90ཡན་ཟིན་པ་ཡང་ཡོད། ལྕང་མ་དེ་དག་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་འདབ་ལོ་རྒྱས་དུས་སེམས་ནང་དགའ་སྣང་ཆེན་པོ་སྐྱེས་ཀྱི་འདུག་ཅེས་བརྗོད། དེང་སྐབས། ལྕང་མ་དེ་དག་བདག་སྐྱོང་བྱེད་པའི་འགག་རྩའི་དུས་ཡིན་པས། ང་ཚོས་ཉིན་ལྟར་ལས་མི་20ནས་30བར་མངགས་ནས་ས་ཡུལ་དངོས་ལ་བདག་སྐྱོང་བྱེད་པར་བཏང་གི་ཡོད། གཙོ་གནད་ལྕང་མར་ཆུ་རྒྱག་རྒྱུ་དང་། ཡལ་གཅོད་རྒྱག་རྒྱུ། སྐམ་རྙིད་ཐེབས་པའི་ལོ་མ་གཙང་སེལ་བཟོ་རྒྱུ། འབུ་སྨན་གཏོར་རྒྱུ་སོགས་བྱས་ནས་ལྕང་མའི་གསོན་ཚད་མཐོ་རུ་གཏོང་གི་ཡོད་ཅེས་རྒྱ་དྲུག་གླིང་ས་ཁོངས་དང་པོའི་ས་ཡུལ་དངོས་ཀྱི་འགན་འཁུར་བ་ལིའུ་དབྱིང་མིང་གིས་འདི་ལྟར་བཤད།
གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་ཧུང་ཤིན་སྡེ་ཁུལ་ནས་ཡིན་པའི་བུ་ཆུང་གིས། ལྷ་སའི་ལྷོ་བྱང་རི་བོའི་སྔོ་ལྗང་ལས་གྲྭའི་2024ལོའི་སྲ་བརྟན་མཐོར་འདེབས(གོང་དཀར་གནམ་ཐང་མཐའ་འཁོར་གྱི་རི་བོ)ལས་གྲྭའི་རྣམ་གྲངས་ཁུལ་དུ་ལས་བྲེལ་གྱིས་ཁེངས་ཤིང་། ཁོ་པས་ཉིན་ལྟར་ས་ཁོངས་དེའི་ལྕང་མའི་དོ་དམ་བདག་སྐྱོང་གི་འགན་འཁུར་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་མུའུ་2642.3ཟིན་པ་དང་། ཇུས་འགོད་ལྟར་ན་ཤིང་རྐང་401385འཛུགས་རྒྱུ་ཡིན་པ། ཤིང་རིགས་གཙོ་བོ་ནི་གསོམ་ཤིང་དང་། ཤུག་པ་སོགས་ཤིང་སྣ་23ཡོད་པ་རེད། མིག་སྔའི་བར་འདེབས་འཛུགས་རྒྱ་ཁྱོན་མུའུ་2642.3ལེགས་གྲུབ་ཟིན་པ་དང་ལེགས་གྲུབ་ཟིན་ཚད་100%ཟིན་ཡོད་པ་རེད། ནགས་ཁུལ་དུ་བསྐྱོད་སྐབས། ཚེར་མའི་མེ་ཏོག་གི་དྲི་ཞིམ་ལྡང་ཞིང་། བུ་ཆུང་གིས་ཡལ་གཅོད་རྒྱག་པ་དང་ཆུ་རྒྱག་བཞིན་འདུག། “ང་འདི་གར་ལས་ཀར་མ་ཡོང་གོང་། ཆེད་ལས་གསོ་སྦྱོང་ནང་ཞུགས་མྱོང་ཡོད། ད་ཆ་ངས་ལྗོན་ཤིང་བདག་སྐྱོང་དོ་དམ་གྱི་ལག་རྩལ་ཤེས་པ་མ་ཟད། ཟླ་རེར་གླ་ཆ་7000ལྷག་ཙམ་རག་གི་འདུག་པས་ཡོང་འབབ་རག་པ་ཙམ་མ་ཟད་ཁྱིམ་ཚང་ལ་ལྟ་རྟོག་ཀྱང་བྱེད་ཐུབ་ཀྱི་འདུག”ཅེས་བུ་ཆུང་གྱིས་དགའ་སྤྲོའི་ངང་བཤད།
ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་ཚུན། ངེད་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཞིང་འབྲོག་ངལ་ལས་མི་ཐེངས་ཁྲི་71ལྷག་ཙམ་ལ་སྐུལ་ཁྲིད་བྱས་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་7358ལྷག་ཙམ་འཕར་རྒྱུར་སྐུལ་འདེད་ཐུབ་ཡོད།
ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་གྱི་2024ལོའི་དུས་ཐེངས་དང་པོའི་ལས་གྲྭའི་གྲས་ཡིན་པའི་གོང་དཀར་རྫོང་ནགས་བཟོའི་རྣམ་གྲངས་གོང་དཀར་ས་ཁོངས་2པའི་ལས་ཡུལ་དུ་ལྕང་སོན་དབོར་འདྲེན་བྱེད་མཁན་འཁོར་རིགས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་། ལས་མི་ཚོས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམ་ཏེ་དགའ་སྤྲོའི་གླུ་དབྱངས་དང་སྦྲགས་སྡོང་ཁུང་ལ་ས་གཡོག་པ་དང་། ཆུ་འདྲེན་པ་སོགས་ལས་རིམ་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་བསྒྲུབས་བཞིན་འདུག ས་ཁོངས་དེ་ནི་གོང་དཀར་རྫོང་གངས་སྟོད་གྲོང་རྡལ་ཞོལ་ཁང་གྲོང་ཚོར་གནས་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་མུའུ་1383.1ཟིན་པ་དེའི་ནང་ལས་སྒྲུབ་ཁུལ་8ཚུད་ཡོད་ཅིང་། ཤིང་རིགས་སྣ་ཁ་གཙོ་བོ་གསོམ་ཤིང་དང་། ཁམ་སྡོང་རིགས། སྟར་སྡོང་རིགས། གླ་ཚེར། སེ་རྒོད་སོགས རིགས་6ཡོད་པ་རེད། ལི་ཏུང་ཅིང་ནི་གོང་དཀར་ས་ཁོངས་2པའི་ལྟ་སྐུལ་དོ་དམ་བྱེད་མཁན་ཞིག་ཡིན་པ་དང་། ཁོ་མོས་ཉིན་ལྟར་ས་ཁོངས་ཁུལ་དུ་སྐོར་གཡེང་རྒྱུན་ཆད་མེད་པར་བྱས་ནས་ལྕང་སོན་གྱི་སྤུས་ཚད་དང་། འདེབས་འཛུགས་ལག་རྩལ། ནད་འབུའི་གནོད་འཚེ་འགོག་བཅོས། ནད་ཡམས་བརྟག་དཔྱད། ཆུ་འདྲེན་པ་སོགས་ལྷུ་ཚིགས་ཁག་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཀྱི་ཡོད། “ལས་གྲྭ་ལག་བསྟར་བྱེད་རིང་ང་ཚོས་སྔ་ཕྱི་བར་གསུམ་དུ་ལྕང་སོན་གྱི་སྤུས་ཚད་ལ་ཞིབ་བཤེར་གྱིས་སྤུས་ཚད་འགག་སྒོ་ནན་པོ་བཟོ་བ་མ་ཟད། ལྕང་སོན་གྱི་སྣ་ཁ་དང་། ཚད་གཞི། བཟོ་དབྱིབས། སྤུས་ཚད་སོགས་ལ་དུས་ཐོག་ཏུ་བསྐྱར་བཤེར་བྱས་ནས་ལྕང་སོན་རྩེ་གྲ་འདེམས་ཉོ་འགན་ལེན་བྱེད་ཀྱི་ཡོད། ལྕང་མ་འདེབས་འཛུགས་བྱེད་རིང་། ངས་ས་གནས་ས་ཐོག་ཏུ་སྐོར་ཞིབ་བྱས་ནས་དུས་མཇུག་གི་ལྕང་མའི་སྤུས་ཚད་དང་གསོན་ཚད་འགན་ལེན་བྱེད་ཀྱི་ཡོད”ཅེས་ལི་ཏུང་ཅིང་གིས་བཤད། མིག་སྔའི་བར། གོང་དཀར་ས་ཁོངས་2པའི་ཁུལ་དུ་ནགས་བཟོ་མུའུ་388.3ལེགས་གྲུབ་ཟིན་པ་དང་། ལྕང་སོན་སྣ་ཚོགས་རྐང་ཁྲི་2ལྷག་ཙམ་བཏབ་ཡོད་ཅིང་། ཆུ་དང་གློག། ལམ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་52%ལེགས་གྲུབ་ཟིན་ཡོད་པ་རེད།
དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལོ་གཉིས་རིང་། ངེད་གྲོང་ཁྱེར་གྱི་ནགས་བཟོའི་མྱུར་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་ལྗང་ནགས་བཟོ་མུའུ་ཁྲི་2ཙམ་ཟིན་ཡོད་ཅིང་། གནམ་ཐང་མཐའ་འཁོར་དུ་གཅིག་སྡུད་ཡུག་སྦྲེལ་གྱི་ནགས་གླིང་ཞིག་ཆགས་ནས་ས་ཆུ་སྲུང་འཛིན་བྱེད་ཚད་དང་ཆུའི་སྤུས་ཚད་ཚད་ལོན་ཚད་སྔར་བས་མཐོ་རུ་ཕྱིན་པ། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་ཀྱང་མཐོ་རུ་ཕྱིན་པ། བྱེ་རླུང་ལྡང་བའི་གནམ་གཤིས་བསྟན་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། མཐའ་འཁོར་གྱི་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པར་གྱུར་ཡོད། གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་བསམ་གཏན་ནོར་བུས། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུའུ་དང་། དེ་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་འོག་ངེད་གྲོང་ཁྱེར་གྱིས་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ་དུས་ཚོད་དམ་འཛིན་གྱིས་རྣམ་གྲངས་དོན་འཁྱོལ་ཐུབ་པ་བྱས་ཏེ་བརྡུང་པའི་ཤུལ་དང་ཕྱིན་པའི་རྗེས་ཀྱི་ལས་ཀའི་སྙིང་རུས་ལ་བརྟེན་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ལྷོ་ཁའི་དུམ་བུ་དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་རི་བོ་སྔོ་འགྱུར་ནགས་བཟོ་བྱེད་པའི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་།
དཀའ་ཁུར་དང་དུ་བླངས་ནས་འདེབས་འཛུགས་བྱས་པའི་སྡོང་རྐང་རེ་རེ་ལས། ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་ཡོང་འབབ་འཕར་སྣོན་བྱུང་བ་ཙམ་མ་ཟད། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་ཀུན་ཕན་གྱི་ནུས་པ་ཐོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་གོང་འཕེལ་འགྲོ་བར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། ད་ཆ་ནམ་མཁའ་སྔོ་ཞིང་། ཆུ་མོ་དྭངས་གཙང་། རི་ཀླུང་སྔོ་ལྗང་། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་ལས་གྲྭ་འདི་ཉིད་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ཇི་བཞིན་ཇི་ཙམ་བབས་ན་དེ་ཙམ་གྱིས་འཛད་མཐའ་མེད་པར་འགྱུར་བཞིན་ཡོད།། བསོད་ཡེས་ཞུས།