འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་2ཉིན། ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོ་དེ་གྲ་ནང་རྫོང་ནུས་རྒྱུ་གཙང་མའི་ཐོན་ལས་རྣམ་གྲངས་རྟེན་གཞི་ཁུལ་དུ་གཟབ་རྒྱས་ངང་འཚོགས་པ་རེད།
ས་གནས་ས་ཐོག་ཏུ་ནུས་རྒྱུའི་ཁེ་ལས་ཀྱི་འཐུས་མི་དང་། ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་ཡི་འཐུས་མི། ཀྲུའུ་ཀྲོའུ་ཏང་སྲིད་འཐུས་མི་ཚོགས་པ་དང་། ལས་བྱེད་མང་ཚོགས་ཀྱི་འཐུས་མི། ཨར་ལས་ལྟ་སྐུལ་དོ་དམ་ཚན་པའི་འཐུས་མི་བཅས་ཀྱིས་རུ་གྲལ་བསྒྲིགས་པ་དང་། སྐྱེལ་འདྲེན་རླངས་འཁོར་དང་། རྐོ་འདྲུའི་འཕྲུལ་འཁོར་ཆེ་གྲས་ཐོག་དར་ཚོན་བཀལ་ཅིང་། ལུས་ལ་ལས་གོས་དང་ཉེན་སྲུང་ཞྭ་མོ་གྱོན་པའི་ལས་མི་ཚོས་དཔའ་ཉམས་ཆེར་སྐྱེད་ཀྱིས་རྣམ་གྲངས་དེ་ཉིད་གང་མགྱོགས་ལས་འགོ་འཛུགས་རྒྱུར་སྒུག་བསྡད་ཡོད།
ལས་འགོ་ཚུགས་པའི་དུང་སྒྲ་སྒྲོགས་པ་དང་བསྟུན་ནས་ཚོན་ཁྲ་ཅན་གྱི་ཤོག་སྦག་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྐྱེལ་འདྲེན་རླངས་འཁོར་དང་
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)རྐོ་འདྲུའི་འཕྲུལ་འཁོར་ཚོས་མགྲིན་གཅིག་ཏུ་དུང་བརྡ་བཏང་བ་དེའི་ཐོག་ནས་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་རྣམ་གྲངས་དེ་ཉིད་དངོས་སུ་སྐྲུན་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་འཆར་འགོད་ས་ཁྱོན་ལ་མུའུ་450ཙམ་ཟིན་པ་དང་། སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་5གཏོང་རྩིས་ཡོད་ཅིང་། ཡོངས་སུ་ཐོན་སྐྱེད་ལས་འགོ་ཚུགས་རྗེས་ལོའི་ཐོན་ཐང་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་རྒྱུ་རེད། ཐོན་ལས་གླིང་དེ་དུས་ཐེངས་གསུམ་ལ་བགོས་ནས་བསྐྲུན་རྒྱུ་ཡིན་པ་དང་། “1+N”ཡི་བྱེད་ཐབས་སྤྱད་དེ་བོད་རང་སྐྱོང་ལྗོངས་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་ལྷོ་ཁ་གྲོང་ཁྱེར་གྱི་དྭངས་གཙང་ནུས་རྒྱུའི་ལེ་ལག་ཚང་བའི་ཐོན་ལས་ཚོགས་པ་བསྐྲུན་རྒྱུ་རེད། དེའི་ནང་དུས་ཐེངས་དང་པོར་གློག་འདྲེན་སྦྱོར་སྡེབ་དང་། རང་འགུལ་ཅན་གྱི་ཐོན་སྐྱེད་སྐུད་ལམ། འཕྲུལ་གློག་མ་ལག་གི་འདུས་གྲུབ་ཐོན་སྐྱེད་རྟེན་གཞི་བཅས་ཡོད་པ་དང་། དུས་ཐེངས་གཉིས་པར་ནུས་གསོག་སྒྲིག་ཆས་དང་ཚོད་འཛིན་མ་ལག་གི་ཐོན་སྐྱེད་རྟེན་གཞི་ཡོད་པ། དུས་ཐེངས་གསུམ་པར་རླུང་གློག་འོད་གསུམ་སོགས་ནུས་རྒྱུ་གསར་པའི་སྒྲིག་ཆས་ཐོན་སྐྱེད་རྟེན་གཞི་དང་། དེ་བཞིན་ནུས་རྒྱུ་གཙང་མའི་རྣམ་གྲངས་འཁོར་སྐྱོད་སྲུང་སྐྱོང་ལྟེ་གནས་བསྐྲུན་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་རྣམ་གྲངས་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཕུན་སུམ་ཚོགས་པའི་རླུང་ཆུ་འོད་གསུམ་གྱི་ནུས་རྒྱུའི་ཐོན་ཁུངས་ལ་བརྟེན་ནས་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གནས་སའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ལག་རྩལ་འབྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད། རྣམ་གྲངས་བསྐྲུན་རྗེས་བོད་ཀྱི་ནུས་རྒྱུ་གསར་པའི་རྩེར་སོན་སྒྲིག་ཆས་ཐོན་ལས་ཀྱི་སྦྲེལ་ཐག་རྣམ་པའི་འཕེལ་རྒྱས་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་ལིའུ་ཁོ་ཨན་གྱིས། ང་ཚོས་གྲ་ནང་རྫོང་དང་མཉམ་ལས་རོགས་ཟླ་སྒྲིག་ཏེ་མཉམ་དུ་ཚད་གཞི་མཐོ་བ་དང་། བླང་བྱ་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྔ་ཙམ་ཐོན་སྐྱེད་དང་། སྔ་ཙམ་དམིགས་ཚད་ཟིན་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱས་ནས་བོད་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་དང་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བརྗོད།
གྲ་ནང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཐང་ཡུང་གིས། གོམ་སྟབས་རྗེས་མའི་ལས་དོན་ནང་། ངེད་རྫོང་གིས་ལས་ཡུན་ལྡོག་སྒྲིག་གྱིས་ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་ལས་ཕྱོད་ཆེ་བའི་སྐུལ་འདེད་མཐའ་འཁྱོངས་བྱས་ཏེ་རྣམ་གྲངས་སྔ་ཙམ་བསྐྲུན་ཐུབ་པ་དང་། ཕན་འབྲས་སྔ་ཙམ་ཐོན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་དུས་མཚུངས་ཚོང་འགུགས་མ་འདྲེན་དང་རྣམ་གྲངས་འཛུགས་སྐྲུན་དེ་གནས་བབ་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཚོང་གཉེར་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་བཏང་སྟེ་ཚོང་འགུགས་མ་འདྲེན་དང་རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་དང་བར་བརྒལ་གསར་པ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་སོ།
བསོད་ནམས་བསྟན་པས་བསྒྱུར།