བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་2022ལོའི་འབྲུ་རིགས་ཐོན་འབབ་ཀྱི་གྲངས་གཞིའི་སྐོར་གྱི་སྤྱི་བསྒྲགས་ལ་གཞིགས་ན། 2022ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་སླར་ཡང་མཐོ་ཤོས་སུ་སླེབས་ནས་ཏུན་ཁྲི་107.3ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་1.15འཕར་ཡོད་པ་རེད།
ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་མ་དངུལ་སྒོར་དུང་ཕྱུར་2ཙམ་བསྡུ་སྒྲིལ་བྱས་ཏེ་རྫས་ལུད་དང་། ཞིང་སྨན། ཞིང་འཕྲུལ། སོན་བཟང་སོགས་དམངས་ཕན་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་པ་རེད། རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཞིང་ལས་ཕྱོགས་ཀྱི་ལས་བྱེད་པས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཚན་རྩལ་ཞིང་སྐྱོར་ཞབས་ཞུའི་ལས་དོན་ཉིན་100ལས་མི་ཉུང་བ་སྤེལ་ནས་ལག་རྩལ་ཞིང་ནང་དང་མུ་ཁར་ཁྱབ་གདལ་ཏན་ཏིག་བཏང་བ་དང་། མ་དངུལ་སྒོར་ཁྲི་7000བཀོད་སྒྲིག་བྱས་ཏེ་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་སྤྱད་ཡོད་པ་རེད། ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་202.32ཟིན་པ་དང་། ནས་ཀྱི་སོན་བཟང་ཁྱབ་ཚད་92.1%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་
(པར་ངོས་གསུམ་པར་གཟིགས)
(པར་ངོས་དང་པོར་མཐུད) གྲངས་1.3འཕར་ཡོད།
དེ་དང་ཆབས་ཅིག་རང་ལྗོངས་སུ་རྨོ་ཞིང་གི་སྤུས་ཚད་མཐོར་གཏོང་ལས་གྲྭ་རྒྱུན་མཐུད་ངང་གཉེར་ཞིང་། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་386བསྐྲུན་ཡོད་པ་དང་། རྨོ་ཞིང་གི་ས་རྒྱུ་སྲུང་སྐྱོང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.72དོན་འཁྱོལ་བྱས་པ། འབྲུ་རིགས་འདེབས་མཁན་ཞིང་པར་ཁ་གསབ་སྒོར་ཁྲི་6099སྤྲོད་ཐེངས་གཅིག་ལ་སྤྲད་པས་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་སྐུལ་སློང་གང་ལེགས་ཐུབ་ཡོད། མུའུ་ཁྲི་དང་། མུའུ་སྟོང་། མུའུ་བརྒྱ་བཅས་ཀྱི་ཐོན་འབབ་མཐོ་བའི་དཔེ་སྟོན་ཁུལ་ཁྱོན་200བསྐྲུན་པ་དང་། ས་དཔྱད་ལུད་སྦྱོར་དང་ལྗང་མདོག་སྤུས་མཐོ་ནུས་ཆེའི་དཔེ་སྟོན་ཁུལ་མུའུ་ཁྲི་190རྒྱུན་མཐུད་ངང་བསྐྲུན་ཡོད་པ་རེད།
དེ་དང་ཆབས་ཅིག་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཐིང་གི་འགོ་ཁྲིད་ཀྱིས་ས་ཁུལ་དང་གྲོང་ཁྱེར་གྱི་ལས་ཀ་འགན་གཙང་ལེན་པའི་འབྲེལ་གཏུག་ལམ་ལུགས་འཛུགས་པ་དང་རིམ་པ་ཁག་གི“སྟོན་གསུམ”ལས་དོན་གྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། “སྟོན་གསུམ”ཐོན་སྐྱེད་ལས་དོན་ཁྲོད་ཀྱི་ཞིང་ལས་རྒྱུ་ཆ་གཏོང་འདྲེན་དང་ཞིང་འཕྲུལ་གྱི་སྣུམ་སྤྱོད་སོགས་མངོན་གསལ་དོད་པའི་གནད་དོན་4000ལྷག་ཙམ་ཐག་གཅོད་བྱེད་པར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་འགག་ས་རེ་རེ་བཞིན་བཤངས་བས“སྟོན་གསུམ”ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་ནུས་ལྡན་ཐུབ་པ་དང་སྦྲགས། བསྡུ་དགོས་ངེས་ཀྱི་འབྲུ་རིགས་ཚང་མ་འབྲུ་མཛོད་དུ་བཅུག་ཐུབ་པ་བྱུང་ཡོད་པ་རེད།