ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་ནུས་ལྡན་བྱ་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལས་འགན་ཨང་དང་པོར་བརྩིས་ནས་ཞིང་དར་དང་། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་དམིགས་ཚད་ལ་དམ་འཛིན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། ཞིང་ལས་དང་གྲོང་གསེབ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།
འཐབ་ཇུས་སྣེ་ཁྲིད་བྱས་ནས་ཐོན་ལས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ།
ལྷོ་ཁ་ནི་རང་ལྗོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བས་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པ་ལྟར་ན། 2021ལོར་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་16.8ཟིན་པ་དེ་2012ལོའི་ལོ་མཇུག་ལས་14.28%འཕར་བ་དང་། སྔོ་ཚལ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་6.95ཟིན་ནས་2012ལོའི་ལོ་མཇུག་ལས་ (པར་ངོས་གསུམ་པར་གཟིགས)
(པར་ངོས་དང་པོར་མཐུད) 124.9%འཕར་བ། “ཤ་ཚལ་སྒོང་གསུམ”དུས་ཚིགས་སུ་རང་མཁོ་རང་སྤྲོད་ཐུབ་ཚད་80%ལས་བརྒལ་བ། ཕྱུགས་རིགས་ལག་ཡོད་མགོ་གྲངས་ཁྲི་127.41ཟིན་པ་དེ་2012ལོའི་ལོ་མཇུག་ལས་མགོ་གྲངས་ཁྲི་45.5ཡིས་ཉུང་དུ་ཕྱིན་ནས་རྩྭ་ཕྱུགས་དོ་སྙོམས་བྱུང་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་6056ནས་2021ལོའི་སྒོར་18435བར་འཕར་བ་དེ་2012ལོའི་ལྡབ་3ཡིན་པ་དང་ལོ་རེར་ཆ་སྙོམས་13.55%འཕར་ཡོད་པ་རེད།
དེ་དང་ཆབས་ཅིག “གཏན་འཁེལ་ལྔ་དང་གཅིག་གྱུར་གསུམ”གྱི་བླང་བྱ་ལྟར། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཁག་217གནད་སྨིན་ངང་མང་ཚོགས་དང་འབྲེལ་མཐུད་བྱས་ནས་མི་ཁྲི་1.68ཐོན་ལས་དབུལ་སྒྲོལ་དང་མི་ཁྲི་2.8ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པས་སྐྱེ་ཁམས་དབུལ་སྐྱོར་དང་། ཐོན་ཁུངས་གསར་སྤེལ། རྒྱུ་ནོར་ཁེ་ཐོབ་བཅས་ཀྱི་དབུལ་སྐྱོར་སྒྱུར་བཅོས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།
བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་ལྷོ་ཁ་གྲོང་ཁྱེར་གྱི་བོད་བྱ་ཐོན་ལས་ཚོགས་པ་ཐོག་མ་དེ་ཡིན་ཞིང་། མིག་སྔར་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་30དེ་གར་ལས་ཞུགས་ཐུབ་ཡོད། “ང་རང་འདི་གར་ལས་ཀ་བྱེད་ཐུབ་པར་ཧ་ཅང་དགའ་པོ་བྱུང་ལ། ཕ་ཡུལ་དབྱར་མཚོ་རྒྱས་པ་ལྟར་འགྱུར་ལྡོག་བྱུང་བར་ཡང་དགའ་པོ་བྱུང་། ངས་རང་ཉིད་ཀྱི་ལས་གནས་ཐོག་གྲུབ་འབྲས་བཟང་པོ་གཏོད་པར་འབད་བརྩོན་བྱས་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་གཟི་བརྗིད་སྣོན་གྱི་ཡིན”ཞེས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་པད་མ་སྒྲོལ་དཀར་གྱིས་བཤད།
ཚན་རྩལ་གསར་གཏོད་ལ་བརྟེན་ནས་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་བ།
ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་རེད་ལ། ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ནུས་ལྡན་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཚན་རྩལ་འདི་ཉིད་ཐོན་འཕར་བརྟན་པོ་ཡོང་བའི་རྩ་བའི་ཐབས་ལམ་དུ་བརྩིས་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ཅིང་། ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་66བསྐྲུན་པ་དང་། ལོ་ལྟར་ཞིང་ལས་སྐྱེ་དངོས་ལྗང་མདོག་དང་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་ས་ཞིང་མུའུ་ཁྲི་27བསྐྲུན་པ་དང་ས་དཔྱད་ལུད་སྦྱོར་གྱི་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི་28ཟིན་པ། རྨོ་ཞིང་གི་སྤུས་ཚད་རིམ་པ་8.04སླེབས་ཡོད་པ་རེད།
དེ་དང་དུས་མཚུངས“བོད་ནས་ཨང་2000པ”དང“ཧི་མ་ལ་ཡ་ཨང་22པ”སོགས་སོན་བཟང་ཁྱབ་གདལ་ཧུར་ཐག་བཏང་ནས“ལྷོ་ཁའི་དགུན་གྲོ་ཨང་7པ”དང་། “ལྷོ་ཁའི་ནས་སོན་ཨང་9པ”“ལྷོ་ཁའི་པད་ཁའི་སོན་ཨང་4པ”སོགས་སོན་བཟང་གྲུབ་འབྲས་ཐོབ་པའི་ངང་འདེབས་གསོ་བྱས་པས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཚད་92.5%ཡན་ཟིན་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་82ཟིན་པ་དང་ཞིང་འཕྲུལ་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་75%ཟིན་ཡོད་པ་རེད།
“རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ལས་སྐྱེ་དངོས་གཙོ་བོའི་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་གྱུར་པའི་དཔེ་སྟོན་རྫོང”ཡིན་པའི་གྲ་ནང་རྫོང་གི་མང་ཚོགས་ལ་ཞིང་ལས་འཕྲུལ་ཆས་ཅན་གྱི་ཕན་པ་སྔོན་ལ་ཐོབ་ཡོད། “སྔོན་ཆད་ས་ཞིང་མུའུ་19འདེབས་པར་ཉིན་ཁ་ཤས་འགོར་གྱི་ཡོད། ད་ཆ་འཕྲུལ་ཆས་ལ་བརྟེན་ནས་ཉིན་གཅིག་ནང་བཏབ་ཚར་གྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོའི་གྲོང་མི་མེ་ཏོག་གིས“ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་རྗེས་ས་ཞིང་རྨོ་བར་དུས་ཚོད་དང་ངལ་རྩོལ་ནུས་ཤུགས་གྲོན་ཆུང་ཐུབ་པ་དང་། ཚང་མ་ཕྱིར་གླ་པར་སྐྱོད་པའི་དུས་ཚོད་མང་དུ་སོང་སྟེ་དཔལ་འབྱོར་ཡོང་འབབ་ཀྱང་འཕར་ཡོད”ཅེས་བརྗོད་པ་རེད།
སྐྱེ་ཁམས་སྔོན་ལ་བཞག་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཞིང་ལས་འཕེལ་རྒྱས་གཏོང་བར་སྐྱེ་ཁམས་སྔོན་ལ་འཇོག་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། “ཉུང་འཕྲི་གཅིག་དང་། ཚོད་འཛིན་གཉིས། གཞི་རྩ་གསུམ”དོན་འཁྱོལ་ནན་པོ་བྱེད་པ། སྐྱེ་ལྡན་ལུད་སྤྱོད་ཚད་རྒྱུན་ཆད་མེད་པར་མང་དུ་གཏོང་བ། ཞིང་སྨན་དང་རྫས་ལུད་འཕར་ཆག་མེད་པ། དུས་ཚོད་ཡོལ་བའི་ཞིང་སྨན་ཏུན་119དང་ཕྱུགས་སྨན་ཏུན་10.86གོ་རིམ་ལྡན་པའི་ངང་གཙང་སེལ་བྱས་ཡོད། དེ་དང་ཆབས་ཅིག་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཐོན་ཁུངས་ཅན་གྱི་བེད་སྤྱོད་གཏོང་རྒྱུ་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་སོག་མ་ཕྱོགས་བསྡུས་བེད་སྤྱོད་དང་ཞིང་ལས་སྦགས་བཙོག་བཅོས་སྒྲིག་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བྱས་ནས། ཞིང་ལས་ཟོག་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་གཏོང་བའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་རེད།
གཞན་ཡང་། “ལྕེ་ཐོག”གི་བདེ་འཇགས་འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་དང་ཞིང་ལས་སྲིད་འཛིན་ཁྲིམས་འཛིན་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་བཏང་ནས། ཞིང་འབྲོག་ཐོན་རྫས་གཙོ་བོ་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལོན་ཚད་97%ཡན་ཟིན་པའི་འགན་ལེན་བྱས་ཡོད། སྣེ་གདོང་ཆུས་སུ་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་བཟའ་བཅའི་མ་རྒྱུའི་རྟེན་གཞིའི་ལྗང་མདོག་བཟའ་བཅའི་ནས་ཀྱི་མ་རྒྱུའི་རྟེན་གཞི་ཐོག་མ་དེ་བསྐྲུན་ཡོད། མིག་སྔར་རྟེན་གཞི་དེའི་ནས་འདེབས་ཁྱོན་མུའུ་ཁྲི་5ཟིན་པ་དང་ཐོན་ཚད་ཏུན་18750ཟིན་ནས་ཞིང་དུད་8692ལ་ཁྱབ་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1500བྱུང་ཡོད་པ་རེད།
ནས་ཀྱི་ཐོན་འབབ་འཕར་བ་དང་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་རྗེས། སྣེ་གདོང་ཆུས་ཁེ་སྨད་གྲོང་ཚོའི་མང་ཚོགས་པ་སངས་རྡོ་རྗེའི་འབྲུ་རིགས་འདེབས་པའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། ཁོང་གིས“ལྗང་མདོག་འཕེལ་རྒྱས་ལས་སྣེ་གདོང་གི་ནས་ཀྱི་སྤུས་རྟགས་ཀྱི་སྐད་གྲགས་དེ་བས་ཆེ་རུ་ཕྱིན་ནས། ཚང་མའི་ངར་ཤུགས་ཀྱང་ཆེ་རུ་ཕྱིན་སོང”ཞེས་བརྗོད་པ་རེད།
རྒྱང་ལམ་གསར་པར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ལ་དམ་པོར་དམིགས་ནས། འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བ་བྱེད་པ་དང་། འབྲོག་ལས་དར་རྒྱས་གཏོང་བ། ཁྱད་ཆོས་དེ་བས་མངོན་གསལ་དོད་པ་བཅས་ལ་སྐུལ་འདེད་བཏང་སྟེ། ཞིང་འབྲོག་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། ཞིང་འབྲོག་ཁུལ་སྡོད་མལ་དང་ལས་གཏོད་ལ་འཚམ་པ། ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་བཅས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།