འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་སྦྲ་སྒོར་གྲོང་དགོན་སྡེ་དང་། ལྷུན་རྩེའི་གནམ་ཐང་། ལྷུན་རྩེ་རྫོང་བོད་ཕག་གཞི་ཁྱོན་ཅན་གྱི་རྟེན་གཞི། བྱ་ཡུལ་ཤང་། མཚོ་སྣ་རྫོང་མཁར་ལྟག་ཤང་། ལམ་ཕུག་ཤང་སོགས་སུ་ཕེབས་ནས་ལས་དོན་ལ་རྟོག་ཞིབ་གནང་བ་རེད།
ཞུས་ཁྲེང་ཚང་གིས་གསུངས་དོན། ཉེ་བའི་ལོ་ཤས་སོང་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། ལྗོངས་ཏང་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ལྷུན་རྩེ་དང་མཚོ་སྣ་རྫོང་གཉིས་ཀྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ས་སྲུང་མཐའ་བརྟན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། མཐའ་སྲུང་མཐའ་བརྟན་མཐའ་འགོག་གི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། ལྷུན་རྩེ་དང་མཚོ་སྣ་རྫོང་གཉིས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཏོད་པའི་རྨང་གཞི་དང་ཆ་རྐྱེན་ཡོད། རང་རྟོགས་ངང་སྲུང་སྐྱོང་གཉིས་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ལག་བསྟར་བྱེད་པའི་མཐོ་ཚད་ཐོག་ལངས་ཏེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ། ལྗོངས་ཏང་ཨུད་ཀྱི་འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཞི་ཡི་དམིགས་ཚད་ལས་འགན་ལ་མཐའ་སྐོར་ཏེ། གྲོང་ཨུད་ཀྱི་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་དགོས་པ་དྲུག་གི་བཀོད་སྒྲིག་བླང་བྱ་ལྟར། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་མཐའ་འཁྱོངས་ཀྱིས་ད་ཡོད་ཀྱི་གྲུབ་འབྲས་སྲ་བརྟན་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ལེགས་བཅོས་བྱས་ཏེ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཏོད་རྒྱུའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་དགོས།
ཞོགས་པའི་ཆུ་ཚོད་8དང་སྐར་མ་40ལ། ཞུས་ཁྲེང་ཚང་གིས་ལྷུན་རྩེའི་གནམ་ཐང་ཨར་སྐྲུན་ལས་ཡུལ་དུ། འཕྲུལ་འཁོར་གྱི་སྐད་སྒྲ་ལྡིར་ལྡིར་དུ་གྲགས་ཏེ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། ཞུས་ཁྲེང་ཚང་གིས་ཨར་སྐྲུན་ལས་མི་དང་མཛའ་བརྩེའི་གླེང་མོ་གནང་ནས་ས་གནས་ས་ཐོག་ཏུ་གནམ་ཐང་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ལྟ་ཞིབ་བྱས་ནས་ངང་རྒྱུད་རིང་པོས་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་དཔལ་འབྱོར་བརྟན་པོ་དང་མ་འཇོག་བརྟན་པོ་ཡོང་བ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་མང་ཚོགས་ཀྱི་ངལ་ནུས་ཕྱིར་གཏོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད། གནམ་ཐང་གི་མཐའ་འཁོར་དུ་ཐོན་ལས་ཚོང་ལས་ཁུལ་ཁག་གཅིག་འཆར་འགོད་དང་བཀོད་སྒྲིག་བྱས་ནས་དཔལ་འབྱོར་འཕར་གཞི་གསར་པ་ཆགས་པ་བྱེད་དགོས།
ལྷུན་རྩེ་རྫོང་གི་བོད་ཕག་གཞི་ཁྱོན་ཅན་གསོ་ཚགས་རྟེན་གཞིར་ཞུས་ཁྲེང་ཚང་གིས་བླང་བྱ་གནང་དོན། ཚད་ལྡན་ཅན་དང་། དེང་རབས་ཅན། གཞི་ཁྱོན་ཅན་བཅས་ཀྱི་གསོ་ཚགས་མཐའ་འཁྱོངས་ཀྱིས་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། གཟན་ཆག་ལས་སྣོན་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། བོད་ཕག་རྒྱུད་འཕེལ་ནང་འདྲེན་དང་། ཞིབ་འཇུག སྲུང་སྐྱོབ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ས་གནས་དེ་གའི་མང་ཚོགས་ཀྱི་ལས་མི་བསྡུ་ལེན་ཧུར་ཐག་བྱེད་པ་དང་། ལག་རྩལ་སློབ་ཁྲིད་དང་ཉམས་མྱོང་བརྒྱུད་སྤེལ་བྱེད་པ། ས་གནས་དེ་གའི་གསོ་ཚགས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་མགྱོགས་སུ་བཏང་སྟེ་ཐོན་ལས་ལེགས་གཏོང་དང་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
སྨོན་དགའ་ལ་རུ་བསྐྱོད་པའི་ལམ་བར་དུ། ཞུས་ཁྲེང་ཚང་དང་བཅས་པས་ཞེང་ཚད་ལ་སྨི་3ཡང་མེད་པའི་ཕྱོགས་རྐྱང་པའི་རྡོ་རྡོའི་ལམ་དུ་སྐྱོད་པ་དང་རླངས་འཁོར་འགྲོ་བསྐྱོད་སྟབས་བདེ་མེད་པ་དང་། དུས་ངེས་མེད་དུ་རླངས་འཁོར་ལས་བབས་ཏེ་དཀའ་ཚེགས་ཆེན་པོས་རླངས་འཁོར་ཆུ་ཚོད་1ལྷག་ཙམ་བསྐྱོད་རྗེས་མཐར་དམིགས་སར་འབྱོར་བ་རེད། ས་གནས་དེ་གའི་སྐོར་ཞིབ་པས་སྦག་སྦག་བཞོན་ནས་གོ་རིམ་ལྡན་པའི་ངང་རི་ལམ་དུ་སྐོར་གཡེང་བྱེད་པ་མཐོང་སྐབས་ཞུས་ཁྲེང་ཚང་ཧ་ཅང་མཉེས་པོ་བྱུང་ནས། ཁོང་ཚོར་སྐོར་གཡེང་བྱ་རྒྱུ་ནི་བླ་ན་མེད་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན་པ་དང་། ཁྱེད་ཚོས་དུས་ཡུན་རིང་པོའི་ནང་ཆ་རྐྱེན་ཧ་ཅང་ཞན་པའི་རི་སྟེང་དུ་རྐང་འཁོར་བཞོན་ནས་སྐོར་གཡེང་བྱས་ཏེ་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ངས་གྲོང་ཨུད་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐོར་ཞིབ་རུ་ཁག་ནང་དུ་ཨ་ཅག་ཞིག་ཡོད་པ་མཐོང་སྐབས། ཞུས་ཁྲེང་ཚང་གིས་མཐེ་བོང་བསྒྲེངས་ནས་ཁོ་མོར་བསྔགས་བརྗོད་བྱས། ཁོང་གིས་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོབ་དང་མཐའ་མཚམས་སྲུང་སྐྱོབ་བྱ་རྒྱུ་ནི་སྤྱི་དམངས་ཚང་མའི་བླ་ན་མེད་པའི་འགན་འཁྲི་ཡིན་པས་རྒྱ་ཆེའི་བུད་མེད་རྣམས་སྐོར་གཡེང་དཔུང་ཁག་ནང་ཞུགས་རྒྱུར་མུ་མཐུད་སྐུལ་སློང་བྱས་ནས་བུད་མེད་རྣམས་ཀྱི་དཔའ་མོའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཉེ་འགྲམ་གྱི“སྐལ་བཟང་མེ་ཏོག”དེ་བས་མང་བ་སྐོར་ཞིབ་དང་མཐའ་མཚམས་སྲུང་བའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས་རང་འགུལ་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས།
ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་40ལ། སྨོན་དགའ་ལ་ལས་སྒྲུབ་ས་ཚིགས་སུ་ཞུས་ཁྲེང་ཚང་གིས་ལས་སྒྲུབ་བྱེད་བཞིན་པའི་མཐའ་སྲུང་མི་དམངས་ཉེན་རྟོག་པ་དང་སྦག་སྦག་སྐོར་གཡེང་ཡན་ལག་རུ་ཁག་ལ་འཚམས་འདྲི་བྱས་ནས་ཚང་མ་དང་མཉམ་དུ་བསྡད་དེ་བདེ་སྡུག་སྐོར་གླེང་། སྟབས་བདེའི་ཁ་ལག་བཟས་རྗེས་སྐོར་གཡེང་རུ་ཁག་གིས་སླར་ཡང་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད་པ་མཐོང་སྐབས་ཁོང་གིས་ཚང་མར་རྐང་འཁོར་དལ་པོར་བཞོན་ནས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་མངགས་བྱ་ནན་པོ་གནང་བ་རེད། ལྷུན་རྩེ་རྫོང་དང་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དཀའ་ངལ་ཐག་གཅོད་ཡག་པོ་བྱས་ནས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོས་མཐའ་སྲུང་མཐའ་བརྟན་གྱི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐོར་གཡེང་བརྟན་སྲུང་བྱེད་པའི་སྔོན་ཐོན་དཔེ་བཟང་གཏོད་དགོས།
སྨོན་དགའ་ལ་ནས་བྲལ་སྐབས་ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་40ཡི་ཐོག་ཞུས་ཁྲེང་ཚང་དང་བཅས་པས་ཅིན་ཧོ་ལ་རི་ཁུལ་དུ་བསྐྱོད། ས་སྲིབ་མཚམས་སུ་རི་ཟུར་བརྒྱུད་ནས་མཐའ་མཚམས་ཀྱི་དོ་དམ་དང་ཚོད་འཛིན་ལས་དོན་ལ་ལྟ་ཞིབ་བྱེད་ཀྱི་ཡོད། མཐའ་མཚམས་ཀྱི་དོ་དམ་དང་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་གནས་ཚུལ་གསར་པ་དང་འཕེལ་ཕྱོགས་གསར་པར་དོ་ཁུར་ཟབ་མོ་བྱེད་པ་དང་། ཞིབ་ཕྲའི་འགན་འཁྲི་དོན་འཁྱོལ་བྱེད་པ། བྱ་ཐབས་དོན་འཁྱོལ་བྱེད་པ། མཐའ་མཚམས་སུ་གནས་སྤོའི་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། མཐའ་མཚམས་སུ་སྐོར་གཡེང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མཐའ་མཚམས་ས་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལམ་རྒྱུད་དུ་ལམ་ཕུག་ཤང་ཅུས་ཐང་གྲོང་ཚོར་སྐྱོད་སྐབས་ཞུས་ཁྲེང་ཚང་གིས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གླེང་མོ་ནན་ཏན་བྱས་ནས་གྲོང་ཚོ་ཡོངས་ཀྱི་མི་འབོར་བསྡོམས་འབོར་དང་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་སོགས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཁོང་གིས་མང་ཚོགས་ཁྲོད་དུ“འདུ་ཤེས་གསུམ”གྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ནན་ཏན་ངང་སྤེལ་ནས་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཏེ་མཐའ་སྲུང་མཐའ་བརྟན་གྱི་ཧུར་བརྩོན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
དགོང་དྲོའི་ཆུ་ཚོད་9དང་སྐར་མ་10མཚམས་སུ། ཤའུ་ཁམས་བཟང་རྒྱ་བསྐྱེད་ས་ཚིགས་སུ་ཕེབས་ནས་ཞུས་ཁྲེང་ཚང་གིས་ཨར་སྐྲུན་ལས་ཡུལ་དུ་ཕེབས་ཏེ་ལས་གྲྭའི་མྱུར་ཚད་དང་ད་ཡོད་ཀྱི་དཀའ་ངལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། མཐའ་མཚམས་གནས་སྤོའི་ས་ཚིགས་འཛུགས་སྐྲུན་བྱེད་པར་མི་འབོར་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་གནམ་གཤིས་དང་ས་གཤིས་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ཏེ་ལས་གྲྭའི་སྤུས་ཚད་འགན་ལེན་དང་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་དུས་བཀག་ལྟར་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་དང་། ཏང་རྩ་འཛུགས་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་གནས་སྤོ་ཐུབ་པ་དང་། བརྟན་པོ་ཡོང་བ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྷུན་རྩེ་རྫོང་དང་མཚོ་སྣ་རྫོང་། གྲོང་ཨུད་གཞུང་ལས་ཁང་། ཆབ་སྲིད་ཞིབ་འཇུག་ཁང་སོགས་ཀྱི་འབྲེལ་ཡོད་བློ་མཐུན་ཚོས་རྟོག་ཞིབ་རིང་ཕེབས་རོགས་ཞུས། ཡེ་ཤེས་བཟང་མོས་བསྒྱུར།