འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས།ངེད་གྲོང་ཁྱེར་གྱིས་རྒྱལ་ཁོངས་ས་ཆ་སྔོ་འགྱུར་བཀོད་སྒྲིག་སྐུལ་སྤེལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སའི་འོས་འགན་ལྕང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་དགོངས་དོན་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་སུ་རྒྱལ་ཁོངས་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བའམ་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་སྐུལ་སློང་བབཀོད་སྒྲིག་ཚོགས་འདུའི་ཐོག་དང་ལྷ་སར་འོས་འགན་ལྕང་འཛུགས་བྱེད་སྒོའི་ནང་བཞུགས་སྐབས་གནང་བའི་གསུང་བཤད་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་ལས་གཞིའི་ངལ་ལས་ཕྱིར་འདྲེན་གནས་ཚུལ་དང་ལྷོ་ཁའི་ས་ཁོངས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་ཐོག་གྲོང་ཁྱེར་ཡོངས་ཀྱི་སྔོ་འགྱུར་གྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ་རེད། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) གྲོང་ཁྱེར་འགོ་ཁྲིད་དབང་ཧྭ་ཏུང་དང་། ཡང་ཁྲང་། མུའུ་ཡུང་ཝུན། ཡང་ཧོང་པིང་། ཝང་ཞཱ། འཇམ་དགའ། ཕུན་ཚོགས། ལིའུ་ཞོལ་དབྱིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚེ་རིང་ཕུན་ཚོགས་ཀྱིས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མཐོང་ཆེན་ཚད་མཐོན་པོ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བཅུ་བསྟུད་མར་རྒྱལ་སའི་འོས་འགན་ལྕང་འཛུགས་བྱེད་སྒོའི་ནང་ཞུགས་ཏེ། ནགས་བཟོ་སྔོ་འགྱུར་གྱི་དོན་སྙིང་གལ་ཆེན་ལ་གསལ་འགྲེལ་ཡག་པོ་གནང་ཡོད། ལྗོངས་ཏང་ཨུད་ཀྱིས་ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་ལས་གཞིར་འཆར་འགོད་ཆེན་པོ་བྱས་ཤིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་རང་ཉིད་ནས་སྤྱི་ཁྱབ་བཀོད་འདོམས་པ་གནང་ཐོག་མཐའ་འཁྱོངས་བཞི་དང་ངེས་པར་སེམས་ལ་བརྟན་པོ་འཆང་དགོས་པ་གསུམ་ཀྱི་ལས་ཀའི་རེ་འདུན་ཁ་གསལ་བཏོན་གནང་ཡོད། རྫོང་ངམ་ཆུས་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལྷག་དོན་རྒྱལ་ཁོངས་ས་ཆ་སྔོ་འགྱུར་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད། མི་ཚང་མའི་འདུ་ཤེས་གཅིག་འགྲིལ་དང་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་པ་བརྒྱུད། རྒྱལ་ཁོངས་ས་ཆ་སྔོ་འགྱུར་གྱི་ལས་དོན་རྒྱུན་མཐུད་སྤེལ་ཏེ། བྱ་སྤྱོད་ངོ་མས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་ཆེད་སྟོབས་ཤུགས་སྔར་བ་ཆེ་བ་ལེགས་སྐྱེས་འབུལ་དགོས།
ཚེ་རིང་ཕུན་ཚོགས་ཀྱིས་ནན་བཤད་གནང་དོན། རྒྱལ་ཁོངས་ས་ཆ་སྔོ་འགྱུར་བྱེད་པ་ནི། བྱས་རྗེས་དེང་ལ་འཇོག་པ་དང་བྱས་འབྲས་བསྐལ་བརྒྱར་ཐུབ་པའི་བྱ་གཞག་རླབས་པོ་ཆེ་ཞིག་རེད། རྩ་འཛུགས་ལ་ཤུགས་སྣོན་དང་གཅིག་གྱུར་བཀོད་སྒྲིག་ལེགས་གཏོང་སྒོས། ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་ཅན་ཏུ་གཏོང་བའི་ལྷོ་ཁའི་ས་ཁོངས་ལས་གཞིའི་བཀོད་འདོམས་པུའུ་དང་ལས་དོན་ཆེད་སྒྲུབ་ཚོ་ཆུང་བཙུགས་ཏེ། ལས་ཀ་ཁག་བགོས་དང་འགན་འཁྲི་ཁ་གསལ་ཡོང་བའི་འགན་ལེན་བྱེད་དགོས། དུས་ཚོད་ལ་དམ་འཛིན་ཡག་པོ་བྱས་ནས་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ལ་སྐུལ་འདེད་མྱུར་སྤེལ་དང་ལྷོ་ཁའི་ས་ཁོངས་འདི་ཉིད་ནགས་བཟོ་སྔོ་འགྱུར་ཅན་ལས་གཞིའི་དཔེ་མཚོན་དང་དཔེ་གཞི་གཏོད་རྒྱུར་འབད་འབུངས་ཆེར་སྐྱེད་བྱེད་དགོས། ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་ལ་འགན་སྲུང་བྱས་ནས་ལྷོ་ཁའི་ས་ཁོངས་ཀྱི་ནགས་བཟོ་སྔོ་འགྱུར་ལས་གཞི་ལག་བསྟར་བདེ་བླག་ཡོང་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་མ་དངུལ་གཏོང་ཤུགས། དེ་བཞིན་ངལ་ལས་རྩ་འཛུགས་ཅན་གྱི་སྤོ་སྒྱུར་བྱེད་ཤུགས་བཅས་ཆེ་རུང་བཏང་སྟེ། སྔར་བས་མང་ཚོགས་ཀྱིས་ངལ་གླར་ལས་ཞུགས་ཐུབ་པ་བྱས་ཏེ་འབབ་འཕར་ལམ་བུ་ཡངས་པོར་ཕྱེ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་མི་འདྲ་བ་དང་ཐབས་ལམ་སྣ་ཚོགས་སྤྱད་དེ་ཕྱོགས་ཡོངས་ནས་ནགས་བཟོ་སྔོ་འགྱུར་ལས་དོན་སྐུལ་སྤེལ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་གྱི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་ལ་སློབ་སྦྱོང་བྱས་ཐོག ལྷོ་ཁའི་དོན་དངོས་ལ་གཞི་ཚུགས་ནས་འཆར་འགོད་སྒྲིག་བཟོའི་ལས་འགོ་འཛུགས་དགོས། ལྗང་སོན་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མ་འཇོག་ཐབས་ལམ་རྒྱ་སྐྱེད་དེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁག་རྒྱལ་ཁོངས་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།