(པར་ངོས་དང་པོར་མཐུད) “རྨང་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པ། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་བྱེད་པ། ཁུལ་གསར་གྱིས་སྣེ་ཁྲིད་བྱེད་པ”བཅས་ཀྱི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་གཞིར་བཟུང་། བསམ་བློར་བཅིངས་འགྲོལ་གཏོང་བ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་བརྒྱུད་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་དང“མི་དམངས་ཀྱི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ། དཔལ་འབྱོར་མགྱོགས་མྱུར་འཕར་བ། སྐྱེ་ཁམས་ཁོར་ཡུག་ལེགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་ཟབ་ཏུ་སོང་བ། སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། བྱ་གཞག་ཁག་ལ་ཕན་འབྲས་གསར་པ་ཐོན་པ”བཅས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།
སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་ནི་རང་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཡིན་ཞིང་། ན་ནིང་སྡེ་ཁུལ་དེའི་མང་ཚོགས་མང་པོ་ཞིག་གིས་རང་མོས་ངང་ས་ཞིང་བརྒྱུད་བཤུག་བྱས་པས་ས་ཞིང་བརྒྱུད་བཤུག་རིན་པ་དང་། ཞིང་ནང་གཡོག་བྱེད་རིན་པ། ས་ཞིང་བཅོལ་གཉེར་བགོ་འགྲེམས་ཡོང་འབབ་བཅས་རག་པ་མ་ཟད། ད་དུང་ཕྱི་ཕྱོགས་སུ་གླ་པར་བསྐྱོད་པའི་ཡོང་འབབ་ཀྱང་མང་དུ་སོང་ཡོད། མིག་སྔར་སྡེ་ཁུལ་དེའི་ངལ་ནུས་445ནང་ཕྱི་ཕྱོགས་སུ་གླ་པར་བསྐྱོད་པའི་མི་སྣས་བརྒྱ་ཆ་བདུན་ཅུ་ཙམ་བཟུང་ཡོད།
ན་ནིང་། སྡེ་ཁུལ་དེའི་མང་ཚོགས་བློ་བཟང་དབང་ཕྱུག་གིས་ས་ཞིང་མུའུ་6བརྒྱུད་བཤུག་བྱས་པས་ཡོང་འབབ་སྒོར་ཁྲི་1.8རག་པ་དང་། ཕྱི་ཕྱོགས་སུ་གླ་པར་བསྐྱོད་པའི་ཡོང་འབབ་སྒོར་ཁྲི་10རག་ཡོད། “ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ང་ཚོར་ཡོང་འབབ་མང་པོ་རག་གི་འདུག་ལ། འཚོ་བའི་ཆུ་ཚད་ཀྱང་ཧ་ཅང་མཐོ་རུ་ཕྱིན་སོང་། མ་འོངས་པའི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བློ་བཟང་དབང་ཕྱུག་གིས་དགའ་ཚོར་ཆེན་པོས་བརྗོད་བྱུང་།
སྤྱི་ཚོགས་རྙིང་པའི་སྐབས་སུ་ཞིང་བྲན་བདག་པོར་ས་ཞིང་རྨོ་འདེབས་པ་དང་། དམངས་གཙོའི་བཅོས་སྒྱུར་སྐབས་སུ་ས་ཞིང་རག་ནས་རང་གིས་རྨོ་བ་དང་བསྡུ་བ། ད་ཆ་ས་ཞིང་བརྒྱུད་བཤུག་བྱེད་པ་བཅས་ཁེ་གསུམ་སྡེ་ཁུལ་གྱི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཟབ་མོ་ཚོར་ཡོད།
ད་ཆ་ཁེ་གསུམ་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཁེ་གཙང་སྒོར་ཁྲི་36ཟིན་པ་དང་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་22301ཟིན་པ་དེ་1978ལོའི་ལྡབ་111རེད།
བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཧུར་ཐག་བྱས་པ།
“མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་རེད”ཅེས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་སྔར་ནས་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་ཚད་མེད་གནང་ཡོད། 2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་པས་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་ཐུགས་ཁུར་དང་བྱམས་སྐྱོང་ཟབ་མོ་ཚོར།
རྒྱ་ཆེ་བའི་གཞུང་ལམ་རྫོང་གྲོང་བར་དུ་བསྐྲུན་པ་དང་། བོད་བཟོའི་ཁང་པ་གྲལ་སྟར་སྒྲིག་པ། ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་བ། མཐའ་སྲུང་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་སོགས་ད་ཆ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་དེ་སྔ་ལུང་ཁུག་ཡིན་པའི“མི་གསུམ་ཤང”ཡུལ་སྨད་འདི་ཉིད་སྐད་གྲགས་ཆོད་ཅིང་། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་ཤང་དུ་གྱུར་ཡོད། “འབྱོར་འབྲིང་ཤང་ནི་ཏང་དང་སྲིད་གཞུང་གིས་ང་ཚོའི་སྣེ་ཁྲིད་དེ་བསྐྲུན་པ་ཞིག་རེད”ཡུལ་སྨད་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་སྒྲོལ་དཀར་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་མངགས་ནས་ང་ཚོར་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་རོགས་གནང་བ་དང་ང་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་བཅུག་པ་ང་ཚོས་ནམ་ཡང་བརྗེད་མི་སྲིད། ང་ཚོ་མི་རབས་ནས་མི་རབས་བར་ཡུལ་སྨད་དུ་རྩ་བ་ཚུགས་ནས་མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།
མིག་སྔར་གྲོང་ཁྱེར་འདིའི་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བའི་མྱུར་ཚད་32%བར་རྒྱུན་འཁྱོངས་ཐུབ་པ་དང་། མཐའ་མཚམས་སྲིད་འཛིན་གྲོང་ཚོར་བདེ་འཇགས་འཐུང་ཆུ་ཁྱབ་ཚད་དང་། གློག་དང་ལམ་ཤར་གཏོང་ཐུབ་ཚད། འཕྲིན་གཏོང་དྲ་རྒྱ་ཁྱབ་ཚད། དྲ་ཆེན་ཁྱབ་ཚད་བཅས་100%ཟིན་ཡོད། མཐའ་མཚམས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་སོང་བ་དང་། འཚོ་བ་དེ་བས་འབྱོར་ཕྱུག་ཏུ་སོང་བ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་དེ་བས་ཟབ་ཏུ་སོང་ནས“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས་པའི”མི་སེམས་འགུལ་བའི་རྣམ་པ་མངོན་ཡོད།
སྐྱེ་ཁམས་ཁོར་ཡུག་བཟང་བ་དང་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་སོང་བ་ནི་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་འབད་བརྩོན་དང་འབད་འཐབ་བྱས་པའི་འབྲས་བུ་རེད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་འོས་འགན་ཤིང་འཛུགས་ནང་ཧུར་ཐག་ཞུགས་པ་ནས་ཐང་རྒོད་དུ་ཤིང་འཛུགས་འགན་གཙང་བླངས་པ་དང་དེ་ནས་མུའུ་ལྔ་བརྒྱ་དྲུག་བརྒྱ་ཟིན་པའི་སྡོང་ཕྲུག་རྟེན་གཞི་བསྐྲུན་པའི་བར་གཞི་ཁྱོན་ཆེན་པོས་ཤིང་འཛུགས་ནགས་གསོ་བྱས་པས་གྲ་ནང་རྫོང་གྲ་ཕྱི་ཤང་ཚོང་འདུས་གྲོང་ཚོའི་མང་ཚོགས་དཔལ་འབྱོར་ལ་མི་ཚོས་སྙིང་ཉེ་བའི་ངང“ལྕང་འཛུགས་པཱ་ལགས”ཞེས་འབོད་ཀྱི་ཡོད། ཁོང་གིས“ཡར་ཀླུང་གཙང་པོ་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་པ་དང་ཡར་ཀླུང་མི་དམངས་བྱེ་རླུང་གི་གནོད་འཚེ་ལས་ཐར་བ་ནི་ལྷོ་ཁའི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་དང་ལྷོ་ཁའི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་དང་འབད་འཐབ་ཀྱི་འབྲས་བུ་རེད”ཅེས་བརྗོད།
ད་ཆ་ཡར་ཀླུང་གཙང་པོའི(ལྷོ་ཁའི་དུམ་བུ)ངོགས་གཉིས་སུ་ནགས་བཟོ་མུའུ་ཁྲི་45ལྷག་ཙམ་བྱས་ཏེ་སྤྱི་ལེ་160ལྷག་ཙམ་ཟིན་པ་དང་ཆ་སྙོམས་ཞེང་ཚད་སྤྱི་ལེ་1.8ཟིན་པའི“སྔོ་ལྗང་རྩི་ཤིང་གི་ལྕགས་རི་རིང་པོ”ཞིག་བསྐྲུན་ཡོད།
དམངས་འཚོ་འགན་ལེན་བྱས་ནས་ཁྱིམ་ཚང་མང་པོར་ཕན་པ་བསྐྲུན་པ།
དམངས་འཚོ་ནི་མི་དམངས་བདེ་སྐྱིད་ཀྱི་རྩ་བ་དང་སྤྱི་ཚོགས་ཞི་མཐུན་གྱི་གཞི་མ་རེད། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོ་སྔོན་ལ་འཇོག་པ་དང་། འཕྲོད་བསྟེན་གྱི་སྤུས་ཚད་ལེགས་སུ་གཏོང་བ། སྤྱི་ཚོགས་འགན་ལེན་གྱི་ཚད་གཞི་མཐོ་རུ་གཏོང་བ། དབང་སྐྱོན་དང་དྭ་ཕྲུག་ལ་རོགས་སྐྱོར། ཚེ་མཇུག་བདེ་ལ་རོལ་ཐུབ་པ། དབུལ་སྒྲོལ་འགག་སྒྲོལ། བདེ་སྡོད་ཁང་པ་འགན་ལེན། ས་ཆ་ཤོར་བར་འགན་ལེན་སྤྲོད་པ། རིག་གནས་ཀྱིས་དམངས་ལ་ཕན་པ་འདོགས་པ། དུས་བདེའི་ལྷོ་ཁ་བསྐྲུན་པ་བཅས་ནང་དོན་གཙོ་བོར་བྱས་པའི“དམངས་སེམས་འདུ་འགོད་ཆེན་པོ་བཅུ”ལག་ལེན་གཏིང་ཟབ་བསྟར་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ལ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སྤྱོད་ཏན་ཏིག་ཐུབ་པར་བྱས་ཡོད།
ན་ནིང་བསྐྲུན་རྗེས་སྤྱོད་འགོ་ཚུགས་པའི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ལས་ཡུལ་དེའི་མང་ཚོགས་ཚོར་སྟབས་བདེ་དང་དངོས་ཕན་དངོས་འབྲེལ་ཚོར་ཡོད། “དེ་སྔའི་མི་དམངས་སྨན་ཁང་དུ་ནད་གཞི་ལྟ་བར་འགྲོ་སྐབས་འཚང་ཁ་ཆེན་པོ་འདུག འདི་གར་སྤོས་རྗེས་གུ་ཡངས་སུ་ཕྱིན་པ་དང་བང་ཡང་རིང་པོ་སྒྲིག་མི་དགོས་པས་སྟབས་བདེ་ཆེན་པོ་འདུག”ཡུལ་དེའི་མང་ཚོགས་ཀྱིས་དེ་སྔའི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ལ“མི་དམངས་སྨན་ཁང་རྙིང་པ”ཞེས་འབོད་པ་དང་གསར་དུ་བརྒྱབ་པའི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ལ“མི་དམངས་སྨན་ཁང་གསར་པ”ཞེས་འབོད་ཀྱི་ཡོད་ཅེས་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱི་མང་ཚོགས་ཚེ་རིང་ཆོས་འཕེལ་གྱིས་དེ་ལྟར་བརྗོད།
ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཧུར་ཐག་གཏོང་གི་ཡོད། ད་བར་ལྷོ་ཁ་གྲོང་ཁྱེར་གྱིས་ད་ཡོད་ཀྱི་ཚད་གཞི་མངོན་འགྱུར་ཐུབ་པའི་འོག་མི་འབོར་དབུལ་པོ་ཆ་ཚང་དབུལ་སྒྲོལ་བྱས་པ་དང། སློབ་གསོའི“100%ལྔ”ཡི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་དང་། ཞིང་འབྲོག་པའི་སློབ་ཆེན་སློབ་མར་རོགས་དངུལ་སྤྲོད་རྒྱུ་ཁྱོན་ཡོངས་ལ་ཁྱབ་སྟེ“སློབ་གྲྭ་འགྲིམ་རྒྱུ”ཡོད་པ་ནས“སློབ་གྲྭ་ཡག་པོ་འགྲིམ་རྒྱུ”བྱུང་བའི་བར་འགྱུར་ལྡོག་བྱུང་བ། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ལ་གྱུར་པ་དང་། རྫོང(ཆུས)12ཀྱི་མི་དམངས་སྨན་ཁང་ཕྱོགས་ཡོངས་ནས་རིམ་པ་གཉིས་པ་ཡན་གྱི་སྨན་ཁང་དུ་གཏོད་པ། འགན་བཅོལ་ཆེན་པོ་ལྔའི་ནང་ཞུགས་ཚད་97%ཡན་རྒྱུན་འཁྱོངས་ཐུབ་པ། ནད་ཆེན་རོགས་སྐྱོབ་ལམ་སྲོལ་བཙུགས་ཏེ་དམངས་ཡོངས་ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་དང་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་སྨན་ཡོན་མི་དགོས་པར་གདམ་སྒྲུག་རྒྱག་པ་དང་སྐྱོབ་བཅོས་བྱ་རྒྱུ་མངོན་འགྱུར་བྱུང་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཚོར་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་ཡོད། “ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་གྲོང་གསེབ་དར་རྒྱས་མངོན་འགྱུར་ཐུབ་ནས་ང་ཚོ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་རེད”ཅེས་འབྱུང་འགྱུར་གྱི་སྐོར་གླེང་སྐབས་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བློ་གྲོང་ཚོའི་གྲོང་མི་ཟླ་བས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བརྗོད།