བོད་ལྗོངས་འཕྲིན་དྲའི་ཐོག་གནས་ཚུལ་སྤེལ་གསལ། སྤྱི་ལོ་2019ལོའི་ཡིག་རྒྱུགས་ཆེན་པོ་གསུམ་སློབ་གྲྭ་ཆེ་མོ་དང་དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ལ་ཚུད་པ་བྱེད་པའི་ཡིག་རྒྱུགས་སླེབས་ཉེའི་མཚམས་སུ་རྒྱ་ཆེའི་ཡིག་རྒྱུགས་གཏོང་མཁན་སློབ་མའི་བཟའ་འཐུང་བདེ་འཇགས་འགན་སྲུང་བྱེད་པ་དང་། རིགས་ཁག་གི་བཟའ་འཐུང་ཐད་ཀྱི་གནས་ཚུལ་ལྷག་རྒྱུ་སྔོན་འགོག་ནན་པོ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ནས་ཡིག་རྒྱུགས་གསུམ་རིང་སློབ་གྲྭ་དང་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམས་ནས། ཡིག་རྒྱུགས་གསུམ་རིང་གི་བཟའ་བཅའི་བདེ་འཇགས་ཐད་བཀོད་སྒྲིག་ཡང་དག་བྱས་ཏེ། ད་ལོའི་ཡིག་རྒྱུགས་གསུམ་བདེ་བླག་ངང་སྤེལ་ཐུབ་ཆེད། རྒྱ་ཆེའི་ཁྱིམ་བདག་དང་ཡིག་རྒྱུགས་གཏོང་མཁན་སློབ་མས་བཟའ་འཐུང་ཐད་ཡིག་གཟབ་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་གཤམ་གསལ།
གཅིག ཕྱི་ངོས་ཀྱི་ཟ་ཁང་སོགས་སུ་ཟས་བཟའ་སྐབས་ལས་གཉེར་ལག་འཁྱེར་སོགས་ཚང་མིན་ལྟ་བ་དང་། གཙང་སྦྲ་ཡག་ཉེས་ལྟ་བ། ཟས་རིགས་ལ་ཧམ་སྤུ་རྒྱབ་ཡོད་མེད་ལྟ་བ་བཅས་ལྟ་བ་གསུམ་དང་། ཉ་རིགས་སོགས་ཆུའི་ཐོན་རྫས་རྗེན་པར་མི་བཟའ་བ་དང་། ལྟོ་གྲང་མོའི་རིགས་མི་བཟའ་བ། ཚལ་རིགས་སོས་པ་མ་ཡིན་པ་དང་རོ་འགྱུར་བའི་རིགས་མི་བཟའ་བ་བཅས་མི་བཟའ་བ་གསུམ་ཐུབ་པ་བྱེད་དགོས།
གཉིས། ཟས་རིགས་ཀྱི་རྒྱུ་ཆ་མི་ཉོ་བ་བཞི་བྱེད་དགོས་པ་སྟེ། རུལ་འགྱུར་རིགས་ཀྱི་བཟའ་རིགས་དང་དེའི་རྒྱུ་ཆ་མི་ཉོ་བ་དང་། མཆེ་བ་བཏང་བའི་ཞོག་ཁོག་དང་རི་འཁྱར་ཤ་མོ། རིགས་རུས་མི་ཤེས་པའི་ཉ་རིགས་སོགས་ཐོན་རྫས་མི་ཉོ་བ། ནད་ཡམས་དང་དུག་རིགས་ཕོག་ནས་ཤི་བའམ་ཤི་རྐྱེན་མི་གསལ་བ་དང་། དེ་བཞིན་ཕྱུགས་རིགས་ནད་ཡམས་ཀྱི་ཞིབ་བཤེར་ཐེའུ་ཙེ་མེད་པའི་ནག་ཕྱུགས་དང་བྱ་རིགས་ཀྱི་ཤ་མི་ཉོ་བ། ལག་འཁྱེར་མེད་པར་ཁྲོམ་གཞུང་དུ་ཤ་རིགས་ལས་སྣོན་བྱས་ཏེ་བཟོས་པའི་བསྲེག་ཟས་སོགས་མི་ཉོ་བ་བཅས་ཡིན།
གསུམ། སྦགས་བཙོག་གཅིག་ནས་གཅིག་ཏུ་འགོ་རྒྱུ་སྔོན་འགོག་བྱེད་དགོས་པ་སྟེ། ཡིག་རྒྱུགས་གཏོང་མཁན་སློབ་མའི་ཁྱིམ་བདག་གིས་ཟས་རིགས་བཟོ་སྐབས་སྦགས་བཙོག་གཅིག་ནས་གཅིག་ཏུ་འགོ་རྒྱུ་སྔོན་འགོག་བྱེད་དགོས། གཙོ་གནད་ཐོག་ཟས་རིགས་རྗེན་པ་དང་བཙོས་མ། ཕྱེད་བཟོས་ཐོན་རྫས། བཟའ་བཅའི་རྒྱུ་ཆ་བཅས་ཕན་ཚུན་དབར་སྦགས་བཙོག་མི་འགོ་བ་བྱེད་དགོས། སི་ཅིས་ཏའུ་སྲན་མ་དང་སྲན་ཁུ་སོགས་ཚོས་པོ་དང་དིར་པོ་ཡོང་བ་བྱེད་དགོས།
བཞི། དཔང་རྟགས་ཉར་རྒྱུར་དོ་སྣང་དང་དུས་ཐོག་ཏུ་ཐེར་འདོན་བྱེད་དགོས་པ་སྟེ། ཡིག་རྒྱུགས་གཏོང་མཁན་སློབ་མས་བཟའ་འཐུང་གི་འཛད་སྤྱོད་བྱས་རྗེས་འཛིན་ཤོག་དང་བྱུང་འཛིན་ཉར་དགོས། གལ་སྲིད་བཟའ་བཅའི་རིགས་ལ་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བའམ་ཡང་ན་སྐྱུག་བཤལ་ཚབས་ཆེ་ཙམ་བྱེད་པ་སོགས་ཟས་དུག་ཕོག་པའི་སྣང་ཚུལ་རིགས་ཐོན་ཚེ། ཁ་པར་ཨང་གྲངས་12315བརྒྱུད་དུས་ཐོག་ཏུ་ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པར་ཐེར་འདོན་བྱེད་དགོས་པ་མ་ཟད། ལམ་སེང་ཐག་ཉེ་སའི་ཚད་ལྡན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས།
ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པས་རྒྱ་ཆེའི་ཡིག་རྒྱུགས་གཏོང་མཁན་སློབ་མར་ད་དུང་། ཕྱི་རོལ་དུ་ཟས་རིགས་གང་བྱུང་དུ་མི་བཟའ་བ་དང་། ཡིག་རྒྱུགས་གཏོང་རིང་བཟའ་འཐུང་རན་པོ་བྱེད་དགོས་པ། ངལ་གསོ་འོས་འཚམས་རྒྱག་དགོས་པ། གཉིད་འདེངས་ངེས་དང་སེམས་པ་སྐྱིད་པོ་ཡོང་བ་བྱེད་དགོས་པ། དངངས་ཚབས་མི་བྱེད་པ་སོགས་ལུས་བདེ་སེམས་སྐྱིད་ཀྱི་སྒོ་ནས་ཡིག་རྒྱུགས་ནང་ཞུགས་རྒྱུའི་དྲན་སྐུལ་ཡང་ཞུ་རྒྱུ་ཡིན།