★ ཇ་འཐུང་བ།
ཇ་ནི་བདེ་ཐང་གི་བཟའ་བཅའི་གྲས་ཤིག་ཡིན་པ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་ཡོད་ཅིང་། ཇས་ཕོ་བ་དང་རྒྱུ་མར་ཕན་ནུས་ཐོན་པ་དང་ནད་འགོག་ནུས་པ་གོང་མཐོར་འགྲོ་ཐུབ་ཀྱི་ཡོད་པ་ཚང་མས་ཤེས་གསལ་རེད། ད་དུང་བུད་མེད་རྣམས་ཀྱིས་ཇ་བཏུང་ཚེ་མཛེས་བཟོའི་ནུས་པ་ཐོན་གྱི་ཡོད། ཉིན་ལྟར་ཇ་འཐུང་བའི་གོམས་གཤིས་ཆགས་ཚེ། གཟུགས་པོའི་བདེ་ཐང་ལ་ཕན་པ་དང་གདོང་པགས་ཇེ་ཡག་ཏུ་འགྲོ་བར་མ་ཟད། སེམས་ཁམས་བརྟན་པོ་དང་གྲུང་ཤའང་དོད་པོར་ཆགས་ཐུབ་ཀྱི་ཡོད།
★ གོམ་པ་མགྱོགས་པོར་སྤོ་བ།
གོམ་པ་མགྱོགས་པོར་སྤོས་ཚེ་གཟུགས་པོའི་ཤ་གནད་དང་། རྒྱུད་པ། རུས་ཚིགས་བཅས་ལ་རྨས་སྐྱོན་ཕོག་ཚད་དམའ་རུ་འགྲོ་གི་ཡོད། དུས་མཚུངས་སུ་པགས་པ་དང་ཤ་གནད་ཀྱི་ལྷུ་ལག་སྔར་བས་ཇེ་བརྟན་དུ་འགྲོ་བའི་ནུས་པ་ཐོན་གྱི་ཡོད། རྒྱུན་དུ་ལུས་སྦྱོང་བྱེད་མཁན་གྱི་མིའི་བློ་རྩ་ཇེ་བརྟན་དུ་འགྲོ་བར་མ་ཟད། ལུས་ཤུགས་ཉམ་པ་གང་མགྱོགས་སླར་གསོ་ཐུབ་སྟེ་རྒྱུན་ལྡན་ལྟར་ཆགས་ཐུབ།
★ གཞས་གཏོང་བ།
བློ་རྩེ་གཅིག་སྒྲིམ་གྱིས་གཞས་བཏང་ཚེ་སེམས་ཀྱི་སྡུག་བསྔལ་རྣམས་ཞི་ཞིང་གཟུགས་པོ་ལྷོད་ལ་ཕབ་ཐུབ་ཀྱི་ཡོད། ད་ལྟའི་ན་གཞོན་རྣམས་ཀྱིས་ཀྱང་སོ་སོའི་སེམས་ཀྱི་རྡོག་ཁྲེས་གཡུག་ཆེད། གྲོགས་པོ་དང་མཉམ་དུ་གཞས་གཏོང་བར་སྐྱོད་ཀྱི་ཡོད་པར་མ་ཟད། དར་མ་དང་རྒན་རྒོན་ཚོས་ཀྱང་གྲོགས་པོ་དང་མཉམ་དུ་གཞས་གཏོང་བར་བསྐྱོད་དེ། རང་ཉིད་ལ་སྦྱོང་བརྡར་གྱི་གར་སྟེགས་ཤིག་སྐྲུན་བཞིན་ཡོད། གཞས་གཏོང་སྐབས་དབུགས་འབྱིན་རྔུབ་བྱེད་པ་དང་བསྟུན་ནས་ཁ་རླུང་སོས་པ་མིའི་གཟུགས་པོའི་ནང་འཐེན་གྱི་ཡོད་པ་དང་། དེས་གློ་བའི་དབང་པོར་སྦྱོང་བརྡར་སྤྲོད་པའི་ཕན་ནུས་ཐོན་གྱི་ཡོད། གཞས་སྙན་པོ་ཞིག་གཏོང་བར་གཟུགས་པོ་དྲང་པོར་སྡོད་དགོས་ཤིང་། ངང་ངམ་གྱིས་སྐེད་པ་ཇེ་དྲང་དུ་འགྲོ་གི་ཡོད།
★ གཉིད་འདང་ངེས་ཉལ་བ།
རྒྱུན་རིང་གཉིད་འདང་ངེས་མ་ཁུག་ཚེ་ཀླད་པར་དགོས་ངེས་ཀྱི་ངལ་གསོ་ཐེབས་མི་ཐུབ་ལ། ཀླད་པའི་གསར་གཏོད་ཀྱི་བསམ་བློ་དང་བྱ་དངོས་ལ་དབྱེ་ཞིབ་བྱེད་པའི་ནུས་པ་ཇེ་ཞན་དུ་འགྲོ་བར་མ་ཟད་དྲན་ཤེས་ཉམས་ཀྱི་ཡོད། གཉིད་ཡག་པོ་ཞིག་ཁུག་དགོས་ཚེ་གཉིད་ཉལ་སའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས། གཉིད་མ་ཁུག་གོང་ཁང་པའི་གློག་གསོད་པ་དང་། ཁྲ་ཡོལ་རྒྱག་པ། མིག་རས་གྱོན་པ་སོགས་ཉལ་ཁང་མུན་ནག་བཟོ་བའི་བྱ་ཐབས་སྤེལ་ཚེ་གཉིད་ཁུག་པར་མཐུན་སྐྱེལ་བསྐྲུན་ཐུབ་པར་མ་ཟད། ཉལ་ཁང་གི་དྲོད་ཚད་ཏུའུ་༢༠ནས་༢༣བར་ཡིན་ཞིང་དགོས་ཤིང་། ཁ་དབུགས་འཁོར་རྒྱུག་ཡག་པོ་བྱེད་ཐུབ་པ་ཞིག་ཀྱང་ཡིན་དགོས།