འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ནུས་ཐོན་པའི་བཅའ་ཁྲིམས་ལག་བསྟར་མི་བྱེད་པའི་སྒལ་རལ་ཆུས་ཆེ་གེ་མོར་ཁྲིམས་ལྟར་ཁྲིམས་འཛིན་བཀག་ཉར་ཉིན་བཅོ་ལྔ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ཆུས་ཆེ་གེ་མོ་ནི་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་གྱི་མི་ཡིན་ཞིང་།རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་དཔྱོད་བྱས་པའི་དངུལ་བུན་གཏོང་ལེན་གྱི་གན་རྒྱའི་རྩོད་གཞིའི་གྱོད་གཞི་ཞིག་གི་ནང་།ཁྲིམས་ཁང་གིས་འདུམ་འགྲིག་བྱས་པ་བརྒྱུད་ཆུས་ཆེ་གེ་མོས་ཟླ་2པའི་ཚེས་20ཉིན་གོང་ལ་རེ་ཞུ་བྱེད་མཁན་བཀྲ་ཆེ་གེ་མོར་ཐེངས་གཅིག་ནང་ཁ་གསབ་དངུལ་སྒོར་ཁྲི་3སྤྲོད་རྒྱུའི་གྲོས་མཐུན་བཞག་པ་རེད། འདུམ་འགྲིག་ཡི་གེའི་ནུས་པ་ཐོན་རྗེས།ཆུས་ཆེ་གེ་མོས་རང་འགུལ་ངང་འདུམ་འགྲིག་ཡི་གེའི་ནང་འཁོད་པ་ལྟར་འོས་འགན་མ་སྒྲུབ་པས།རྫོང་མི་དམངས་ཁྲིམས་ཁང་གིས་འབོད་བརྡ་ཐེངས་མང་བཏང་ཀྱང་ཁ་པར་ལེན་མཁན་གཅིག་ཀྱང་མེད་པ་རེད།ཟླ་5པའི་ཚེས་14ཉིན།ཆུས་ཆེ་གེ་མོ་སྟག་ལུང་གྲོང་རྡལ་དུ་ཡོད་པ་ཤེས་རྗེས།རྫོང་མི་དམངས་ཁྲིམས་ཁང་གིས་སྟག་ལུང་གྲོང་རྡལ་དུ་འཕྲལ་མར་བསྐྱོད་དེ་ལག་བསྟར་བྱ་ཡུལ་ཆུས་ཆེ་གེ་མོར་བཀག་ཉར་འདྲི་ཞིབ་བྱས་ཀྱང་།ཆུས་ཆེ་གེ་མོས་ཁྲིམས་ཁང་གི་ནུས་ལྡན་ཁྲིམས་གཅོད་ཡི་གེའི་ནང་འཁོད་པའི་ལས་འགན་ལག་བསྟར་མ་བྱས་པ་རེད།
ཟླ་5པའི་ཚེས་15ཉིན།ཆུས་ཆེ་གེ་མོས་ཁྲིམས་ཁང་གི་ནུས་ལྡན་ཁྲིམས་གཅོད་ཡི་གེའི་ནང་འཁོད་པའི་ལས་འགན་ལག་བསྟར་མ་བྱས་པའི་རྐྱེན་གྱིས་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་སྒལ་རལ་ཆོས་ཆེ་གེ་མོ་ཁྲིམས་འཛིན་བཀག་ཉར་བྱས་པ་རེད།