ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། 《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བརྡ་ཐོའི》དགོངས་དོན་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》བཏོན་འདུག
གཅིག སྒྲིག་ཁྲིམས་ལག་བསྟར་ཐད་རྣམ་འགྱུར་སྟོན་མང་བ་དང་འབོད་ཚིག་སྒྲོག་ཤུགས་ཆེ་བའི་སྣང་ཚུལ་སྤངས་ནས་ཆབ་སྲིད་ཀྱི་འདུ་ཤེས་ཟབ་མོ་དང་བྱ་སྤྱོད་ཏན་ཏིག་ཡོང་བར་བྱེད་དགོས།
1.ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
2.སློབ་སྦྱོང་བྱེད་ཐབས་ལེགས་སུ་གཏོང་དགོས།
3.ཡང་དག་པའི་སྲིད་སྐྱོང་གི་བྱས་རྗེས་ཀྱི་ལྟ་བ་མཐའ་འཁྱོངས་བྱེད་དགོས།
4.སྤྱོད་ཚུལ་དག་ཐེར་གཏིང་ཟབ་བྱེད་དགོས།
གཉིས། དམངས་ལ་ཞབས་འདེགས་ཞུ་བའི་ཐད་ལེ་ལོ་དང་། སྒྱིད་ལུག ནར་འགྱངས་གསུམ་དང་ཁག་དཀྲི་དང་། ནར་འགྱངས། གཡོལ་བ་གསུམ་སྤངས་ནས་འགན་འཁྲི་འཁུར་ཕོད་པ་དང་བློ་ཁོག་ཆེན་པོས་བྱ་སྤྱོད་སྤེལ་དགོས།
5.དམངས་ཕན་ལ་ཤུགས་སྣོན་རྒྱག་དགོས།
6.སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས།
གསུམ། ཡིག་ཆ་ཁུ་བསྡུ་དང་ཚོགས་འདུ་ཉུང་གཏོང་ཐད་རྫུན་རིང་སྟོང་གསུམ་དང་རྫོབ་དཀོན་གཡོ་གསུམ་སྤངས་ནས་ཐུང་བདེན་གསར་གསུམ་དང་དེ་བཞིན་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱེད་དགོས།
7.ཡིག་ཆ་དང་བསྡུས་འཕྲིན་སྣ་ཚོགས་ཉུང་དུ་གཏོང་དགོས།
8.ཚོགས་འདུ་དང་བྱེད་སྒོའི་གྲངས་འབོར་དང་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་དགོས།
བཞི། ལྟ་བཤེར་དང་། ཞིབ་བཤེར། དཔྱད་ཞིབ་བཅས་ཀྱི་ཐད་ལས་ཤུལ་ཆེ་བ་དང་གྲུབ་འབྲས་ཐོབ་ཉུང་བའི་སྣང་ཚུལ་སྤངས་ནས་གྲུབ་འབྲས་ལ་མཐོང་ཆེན་དང་ཕན་འབྲས་དོན་གཉེར་ཐུབ་པ་བྱེད་དགོས།
9.ལས་འགན་དང་བྱེད་སྒོར་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས།
10.དཔྱད་ཞིབ་ཀྱི་དམིགས་ཚད་ཁུ་བསྡུ་དང་ལེགས་སྒྲིག་བྱེད་དགོས།
11.བྱེད་ཐབས་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས།
ལྔ། བརྟག་དཔྱད་ཞིབ་འཇུག་ཐད་ཕྱི་ཚུལ་རང་བཞིན་དང་དོན་མེད་རང་བཞིན་གྱི་སྣང་ཚུལ་སྤངས་ནས་གནས་ཚུལ་དངོས་ཞིབ་དཔྱད་དང་དཀའ་ངལ་དངོས་སེལ་ཐུབ་པ་བྱེད་དགོས།
12.བརྟག་ཞིབ་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་གཏོང་དགོས།
དྲུག འགན་འཁྲི་བདའ་འདེད་ལ་ལྕག་སྐུལ་བྱེད་པའི་ཐད་གང་བྱུང་དུ་འགན་འཁྲི་བདའ་འདེད་གཏོང་བ་དང་ལྕག་སྐུལ་ཞན་པའི་སྣང་ཚུལ་སྤངས་ནས་དོ་དམ་ནན་པོ་བྱེད་དགོས་ལ་གཅེས་སྐྱོང་ཟབ་མོའང་བྱེད་དགོས།
13.དྲང་ཕྱོགས་ཀྱི་ལྕག་སྐུལ་ལ་ཤུགས་སྣོན་རྒྱག་དགོས།
14.འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་བྱེད་སྟངས་ཚད་ལྡན་དུ་གཏོང་དགོས།
རང་སྐྱོང་ལྗོངས་རིམ་ངོས་ནས་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་སྣེ་འཁྲིད་དེ་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་། ལྗོངས་སྲིད་གཞུང་གཞུང་དོན་ཐིང་། ལྗོངས་སྲིད་གྲོས་གཞུང་དོན་ཐིང་སོགས་འབྲེལ་ཡོད་སྡེ་ཚན་བཅས་ཞུགས་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་བཙུགས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལས་དོན་ཁག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ཧུར་ཐག་འཁུར་བ་དང་། འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བ། འགོ་ཁྲིད་ལས་བྱེད་པས་སྣེ་འཁྲིད་དེ་དམ་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་ས་གནས་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་དོན་འཁྱོལ་ནན་ཏན་བྱེད་དགོས། གཞི་རིམ་ཚན་པ་ཁག་གིས་ཁུར་པོ་ཡང་དུ་གཏོང་བ་དང་འགན་འཁྲི་ཆེ་རུ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་འགན་འཁྲི་ནན་པོ་འཁུར་བ་དང་། མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་ལས་དོན་ལ་ལྷོད་གཡེང་དང་ཉམས་ཞན་གྱི་སྣང་ཚུལ་ཐོན་རྒྱུ་གཏན་འགོག་བྱེད་དགོས། དཔེ་སྟོན་སྣེ་ཁྲིད་དང་། དཔེ་མཚོན་དམར་འདོན། བྱ་དགའ་ཆད་གཅོད་ཁ་གསལ་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་ཐོན་ལ་གཟེངས་བསྟོད་སྐུལ་ལྕག་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་ཆད་པ་ནན་པོ་བཅད་དེ་བཀོད་པར་མི་ཉན་པ་དང་བཀག་ཀྱང་མི་ཉན་པར། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཤུགས་ཆེན་བྱས་ནས་ཤུགས་རྐྱེན་ཧ་ཅང་ངན་པ་ཐོན་རིགས་ཀྱི་འགན་འཁྲི་ཞིབ་བཤེར་མཐའ་གཅིག་ཏུ་བྱེད་དགོས།(ཞིབ་ཕྲའི་ནང་དོན་2019ལོའི་ཟླ་4པའི་ཚེས་27ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་དང་། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དུད་སྣེ་བཅས་ནས་གཟིགས་པར་འཚལ)