ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་ཁག་བཞི་བརྡ་ཁྱབ་བཏང་འདུག
གཅིག་ནི། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་སྟོང་གཞོང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་རག་ཐབས་བྱས་པའི་གནད་དོན་ཡིན་ཞིང་། 2016ལོའི་ཟླ་8པར། སྐྱེམས་སྟོང་ཤང་སྲིད་གཞུང་གི་ལས་དོན་མི་སྣ་འཇམ་དབྱངས་ཆོས་འཕེལ་གྱིས་ཤང་དེའི་སྐབས་དེ་དུས་ཀྱི་སྟོང་གཤོང་གྲོང་ཚོའི་ཀྲུའུ་རེན་ཟླ་བ་རྒྱལ་མཚན་དང་། སྐབས་དེ་དུས་ཀྱི་ཀྲུའུ་རེན་གཞོན་པ་ནོར་བུ་ཚེ་རིང་། སྐབས་དེ་དུས་ཀྱི་དྲིལ་བསྒྲགས་ཨུ་ཡོན་བསམ་གྲུབ་བཅས་དང་མཉམ་དུ་2016ལོའི་སྐྱེམས་སྟོང་ཤང་སྟོང་གཞོང་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་གསོ་ཚགས་རྣམ་གྲངས་ལག་བསྟར་བྱེད་རིང་། འགྲོ་གྲོན་རྫུན་ཞུ་དང་འཛིན་ཤོག་རྫུས་མ་བྲིས་ཏེ་རྣམ་གྲངས་མ་དངུལ་སྒོར་ཁྲི་6.5རག་ཐབས་བྱས་ནས་ཟླ་བ་རྒྱལ་མཚན་མི་སྒེར་གྱིས་ཉར་དུ་བཅུག་པ་རེད། 2018ལོའི་ཟླ་12པར། འཇམ་དབྱངས་ཆོས་འཕེལ་དང་། ཟླ་བ་རྒྱལ་མཚན། ནོར་བུ་ཚེ་རིང་། བསམ་གྲུབ་ཚེ་རིང་བཅས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་མ་ཟད། དེ་དང་ཆབས་ཅིག་སྒྲིག་འགལ་དངུལ་བསྡུས་པ་རེད།
གཉིས་ནི། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་སོག་ཆེན་ཤང་དཔེ་གསར་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་དགྲ་འདུལ་གྱིས་མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་ཧམ་བཟུང་བྱས་པ་སོགས་ཀྱི་གནད་དོན་ཡིན་ཞིང་། 2014ལོ་ནས་2017ལོ་བར། དགྲ་འདུལ་གྱིས་རྣམ་གླིང་རྫོང་སོག་ཆེན་ཤང་དཔེ་གསར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་རིང་། ཚན་རྩལ་མངགས་གཏོང་པའི་ཁ་གསབ་མ་དངུལ་སྒོར་6000ཉར་ནས་གཞན་སྤྱོད་བྱས་པ་དང་། མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་སྒོར་ཁྲི་1.72བཙན་ཉར་བྱས་ནས་སྒེར་གྱིས་ཁྲིམས་འགལ་ངང་སྤྱོད་དུ་བཅུག་པ། རང་དགར་སྣོད་བཅུད་ལས་གནས་ཀྱི་མ་དངུལ་མཉམ་བགོས་བྱེད་རྒྱུའི་གཏན་འཁེལ་བྱས་པ་དང་འབྲེལ་མཉམ་བགོས་ནང་ཞུགས་མི་འདོད་པའི་དུད་ཚང་14ལ་དངུལ་ཆད་བཏང་བ་རེད། 2018ལོའི་ཟླ་5པར། དགྲ་འདུལ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་ཆབས་ཅིག་སྒྲིག་འགལ་དངུལ་ཆ་ཚང་ཕྱིར་སློག་ཏུ་བཅུག་པ་རེད།
གསུམ་ནི། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་བན་པ་ཤང་བར་རི་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་པད་མ་ལྷུན་གྲུབ་ཀྱིས་སྒྲིག་འགལ་ངང་སྣོད་བཅུད་ལས་གནས་ཀྱི་གླ་ཆ་བླངས་པའི་གནད་དོན་ཡིན་ཞིང་། 2012ལོ་ནས་2017ལོ་བར། པད་མ་ལྷུན་གྲུབ་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མི་དང་མཉམ་དུ་གྲོང་ཚོ་དེའི་ནགས་སྲུང་པ་5ཡི་མི་གྲངས་སྤྱད་དེ་སྒྲིག་འགལ་ངང་གླ་ཆ་བླངས་པ་དང་ཆབས་ཅིག་ནགས་སྲུང་པའི་ལས་གནས་ཀྱི་གླ་ཆ་སྒོར་49850ལྐོག་ཏུ་བགོ་བཤའ་བརྒྱབ་པ་རེད། 2018ལོའི་ཟླ་11པར། པད་མ་ལྷུན་གྲུབ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་ཆབས་ཅིག་སྒྲིག་འགལ་དངུལ་བསྡུས་པ་རེད།
བཞི་ནི། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་ཆུ་མདའ་གྲོང་ཚོའི་ཚོགས་ཆུང་5པའི་ཙུའུ་ཀྲང་ནོར་བུ་ཚེ་རིང་གིས་དབུལ་སྐྱོར་མ་དངུལ་ཉར་བའི་གནད་དོན་ཡིན་ཞིང་། 2013ལོ་ནས་2017ལོ་བར། ཚེ་རིང་ནོར་བུས་སྟག་རྩེ་རྫོང་ཐང་དཀར་ཤང་ཆུ་མདའ་གྲོང་ཚོའི་ཚོགས་ཆུང་5པའི་ཙུའུ་ཀྲང་གི་འགན་ཁུར་རིང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་གནོད་འཚེ་ཕོག་པའི་ཁ་གསབ་རོགས་དངུལ་དང་། འབྲུ་རིགས་ཀྱི་ཁ་གསབ་རོགས་དངུལ། རྨོ་བསྐྱུར་ནགས་གསོའི་ཁ་གསབ་རོགས་དངུལ། རྩྭ་ཕྱུགས་དོ་སྙོམས་ཀྱི་མ་དངུལ་སོགས་ཁྱོན་དངུལ་སྒོར་ཁྲི་2.21ལྷག་ཙམ་ཉར་ནས་མཉམ་སྡེབ་ཀྱི་རྒྱུན་གཏན་འགྲོ་སོང་ཐད་སྤྱད་པ་དང་། “ཞིང་འཕྲུལ་ལས་སྒྲུབ་རྣམ་གྲངས་གསུམ”གྱི་དམངས་ཕན་མ་དངུལ་སྤྲོད་པའི་རེའུ་མིག་རྫུན་བཟོ་བྱས་ནས་དམངས་ཕན་མ་དངུལ་སྣ་ཚོགས་ཀྱི་ལྷག་འཕྲོ་སྒོར་ཁྲི་1.09ལྷག་ཙམ་སྒེར་གྱིས་ཉར་པ་རེད། 2018ལོའི་ཟླ་11པར། ནོར་བུ་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་ཆབས་ཅིག་སྒྲིག་འགལ་དངུལ་བསྡུས་པ་རེད།