མི་དམངས་དྲ་བའི་གནས་ཚུལ་སྤེལ་བར་གཞིགས་ན། རླངས་འཁོར་བཏང་ནས་ས་བབ་མཐོ་ཚད་སྨི་4200ཟིན་པའི་བོད་ལྗོངས་སྐྱིད་གྲོང་རྫོང་གྲོང་ནས་ལྷོ་ཕྱོགས་སུ་གཡས་གཡོན་རི་བོ་མཐོན་པོས་སྐོར་བའི་གཞུང་ལམ་བརྒྱུད་དེ་བསྐྱོད་ཚེ་གྲོག་རོང་ཞིག་ལ་སླེབས་པ་དང་། དེ་ནི་ཧི་མ་ལ་ཡའི་རི་རྒྱུད་བརྒལ་བའི་འགག་ས་གལ་ཆེན་ཞིག་སྟེ་སྐྱིད་གྲོང་རོང་ཆེན་ཡིན།
འདི་ག་ནི་གནའ་ནས་ད་བར་ཏུ་ཀྲུང་གོས་ནེ་པ་ལ་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེ་མོར་འབྲེལ་འདྲིས་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། ད་དུང་ཀྲུང་གོ་དང་ནེ་པ་ལའི་ལོ་ངོ་སྟོང་གི་འབྲེལ་འདྲིས་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བའི་བདེན་དཔང་ཡང་ཡིན་པ་རེད།
ད་ཆ། བགྲོད་ལམ་འདིའི་མདུན་ཕྱོགས་ནི་མི་འབོར་དུང་ཕྱུར་17ལྷག་ཟིན་པའི་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་ར་ཆེན་པོ་དེ་ཡིན་པས་དེ་ནི་གལ་ཆེའི་འགག་སྒོ་ཞིག་ཡིན།
སྐྱིད་གྲོང་རོང་ཆེན་གྱི་ལྷོ་སྣེ་རུ། ཨར་འདམ་གྱི་ཟམ་པ་ཞིག་ཀྲུང་ནེའི་རྒྱལ་མཚམས་ཆུ་བོའི་ལྷོ་བྱང་བརྒལ་བ་དང་། དེའི་ཀྲུང་གོ་ཕྱོགས་ཀྱི་ཟམ་སྣེ་རུ་མཐོ་ཞིང་བརྗིད་ཆགས་ལྡན་པའི་རྒྱལ་སྒོ་ཆེན་པོ་ཞིག་བརྒྱབ་ཡོད་པ་རེད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཉིན་དེར་འགག་སྒོས་འགྲུལ་པ་གཏོང་བའི་དུས་ཚོད་དང་འཁེལ་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱི་རྒྱལ་སྒོའི་ནང་རོལ་དུ། ནེ་པ་ལར་འགྲོ་རྩིས་བྱེད་པའི་ནེ་པ་ལའི་ཟོག་འདྲེན་རླངས་འཁོར་མང་པོ་བང་བསྒྲིགས་ཡོད་པ་རེད།
འགག་སྒོའི་མཐའ་མཚམས་ཞིབ་བཤེར་ཚོམས་ཆེན་དུ། གསར་འགོད་པས་བང་གི་མདུན་དུ་བོད་དུ་ཡུལ་སྐོར་བྱས་ནས་ནེ་པ་ལར་ཡུལ་སྐོར་དུ་སྐྱོད་མཁན་འཇར་མན་གྱི་ཡུལ་སྐོར་བ་ཁྱུ་ཞིག་ཡོད་པ་མཐོང་། རྒྱལ་མཚམས་ཟམ་པའི་ཐོག་རྒྱ་གར་གྱི་ཡུལ་ཁྱུ་བ་ཁག་གཅིག་ནེ་པ་ལའི་མཐའ་མཚམས་ཞིབ་བཤེར་སྒྲུབ་ནས་ཀྲུང་གོའི་ཕྱོགས་སུ་ཡོང་བཞིན་འདུག བསམ་ཡུལ་ལས་འདས་པ་ཞིག་ལ། ཐག་རིང་ལུང་ཁུག་ཏུ་ཡོད་པའི་སྐྱིད་གྲོང་འཁྲུག་པོ་འདི་འདྲ་ཡོད་པ་མཐོང་།
སྐྱིད་གྲོང་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པའི་གྲངས་གཞི་ལས་གསར་འགོད་པའི་མྱོང་ཚོར་ལ་བདེན་དཔང་ཐུབ་པ་སྟེ། 2014ལོའི་ཟླ་12ཚེས་1ཉིན། ཀྲུང་ནེའི་ཕྱོགས་གཉིས་ཀྱི་འགག་སྒོ་དངོས་སུ་ཤར་གཏོང་ཐུབ་ཅིང་། ལོ་དེར་ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་སྤྱིའི་རིན་ཐང་སྒོར་ཁྲི་7000ཟིན་པ་དང་། ལོ་གཉིས་པར་སྒོར་དུང་ཕྱུར་6.1བར་འཕར་ལ། 2018ལོའི་ལོ་སྟོད་དུ་སྒོར་དུང་ཕྱུར་13.9ཙམ་ཟིན་པ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་7ཙམ་ཟིན་གྱི་ཡོད་པ་རེད།
འགག་སྒོ་གལ་ཆེན་དེས་སྐྱིད་གྲོང་འགག་སྒོའི་ངོགས་གཉིས་སུ་སྡོད་མཁན་དམངས་ཚོགས་ལ་ཕན་པ་བསྐྲུན་ཞིང་། འགག་སྒོ་དང་བར་ཐག་སྤྱི་ལེ་20ལྷག་ཡོད་པའི་སྐྱིད་གྲོང་གྲོང་རྡལ་དུ་སི་ཁྲོན་དང་། ཀུའེ་ཀྲོའུ། ཧོ་ནན་སོགས་ཀྱི་ཁྱད་ལྡན་ཟ་ཁང་མཐོང་རྒྱུ་ཡོད་ལ། ད་དུང་ནེ་པ་ལའི་ཟ་ཁང་ངམ་ཡང་ན་ཁྱད་ལྡན་ཚོང་ཁང་ཡང་མཐོང་རྒྱུ་ཡོད། ནེ་པ་ལའི་ཚོང་པ་ཚེ་བརྟན་གྱིས“དེ་སྔ་ནེ་པ་ལའི་མངའ་ཁོངས་ནས་སྐྱིད་གྲོང་དུ་ཡོང་ཚེ་རྐང་ཐང་མར་བསྐྱོད་དགོས་པས་ཕར་འགྲོ་ཚུར་འོང་བྱེད་པར་ཉིན་འགའ་འགོར་གྱི་ཡོད། གཞུང་ལམ་དང་འགག་སྒོ་ཤར་གཏོང་ཐུབ་རྗེས་ངའི་ཚོང་ཁང་གི་ཚོང་ཟོག་རྫོགས་སྐབས་ལམ་སེང་ཉོ་ཐུབ་ནས་ཟླ་བ་རེར་བྲིན་ཚོང་མི་དམངས་ཤོག་སྒོར་ཁྲི་བཅུ་གྲངས་ཡོང་གི་འདུག”ཅེས་བཤད།
གསར་འགོད་པ་སྐྱིད་གྲོང་གྲོང་རྡལ་ཉེ་འགྲམ་གྱི་ཚོང་འདུས་གྲོང་ཚོའི་གྲོང་མི་ཟླ་བ་ཚེ་རིང་གི་ཁྱིམ་དུ་ཕྱིན་པ་ཡིན། ཁོང་དང་གྲོང་མི་དེ་སྔོན་སྐྱིད་གྲོང་ཉེ་འགྲམ་གྱི་རི་འདབས་སུ་སྡོད་པ་དང་། ཉེ་བའི་ལོ་བཅུ་ཕྲག་ནང་ཁོང་ཚོ་སྲིད་གཞུང་གིས་གཅིག་སྡུད་ཐོག་བསྐྲུན་པའི་གྲོང་གསར་ནང་རིམ་གྱིས་སྤོས། ད་ཆ་སྐྱིད་གྲོང་དར་རྒྱས་ཕྱིན་ནས་ཁོང་ཚོའི་ཁྲོད་ཁག་གཅིག་གིས་འདེབས་འཛུགས་བྱེད་པ་དང་། ཁག་གཅིག་གིས་གསོ་ཚགས་བྱེད་པ། ཁག་གཅིག་གིས་སྐྱེལ་འདྲེན་ལས་ལ་ཞུགས་པ་བཅས་བྱས་ནས་སྤྱི་ཡོངས་དབུལ་པོ་ནས་ལྟོ་གོས་གཉིས་འཛོམས་མངོན་འགྱུར་བྱུང་བ་རེད།
“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ལྟེ་བ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། གསར་འགོད་པར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེ་མོར་ཕྱོགས་པའི་སྐམ་ལམ་གྱི་འགག་རྩའི་ས་ཚིགས་གལ་ཆེན་ཞིག་ཡིན་པའི་སྐྱིད་གྲོང་འགག་སྒོར་དཔེ་མཚོན་གྱི་དོན་སྙིང་ལྡན་པ་ཚོར་བྱུང་།