(པར་ངོས་དང་པོར་མཐུད)རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གི་སྒོ་བྱང་དངོས་སུ་བཀལ་བ་དང་།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་སྒོ་བྱང་འགེལ་བའི་མཛད་སྒོར་ཕེབས་པ།
《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་ཇུས་གཞིར》གཞིགས་པ་དང་། རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་བཙུགས་ཏེ་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་འཁྲི་དང་། དེ་བཞིན་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་འཕྲལ་སྡོམ་དོ་དམ་འགན་འཁྲི། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་མེ་ཟོན་དོ་དམ་འགན་འཁྲི། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་རྒུད་སྐྱོབ་འགན་འཁྲི། རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ས་གཤིས་གནོད་འཚེ་འགོག་བཅོས་དང་། རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཆུ་སྐྱོན་དང་ཐན་སྐྱོན་འགོག་བཅོས་དང་འབྲུབ་འགོག་ཉེན་སེལ་རྒུད་སྐྱོབ། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་རྩྭ་ཐང་མེ་ཟོན། རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ནགས་ཚལ་མེ་ཟོན་སོགས་འབྲེལ་ཡོད་ཀྱི་འགན་འཁྲི། རང་སྐྱོང་ལྗོངས་འབྲུབ་འགོག་ཐན་འགོག་དང་། གནོད་འཚེ་ཉུང་གཏོང་། ཡོམ་འགོག་གེགས་སེལ། གནོད་འཚེ་སྔོན་འགོག ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ(ཨུ་ཡོན་ལྷན་ཁང)བཅས་ཀྱི་འགན་འཁྲི་སོགས་བསྡུ་སྒྲིལ་བྱས་ནས་རང་ལྗོངས་ཀྱི་རང་བྱུང་གནོད་འཚེ་དང་ལས་འཛོལ་ཚབས་ཆེན་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱི་སྤྱི་བདེ་མེ་ཟོན་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེའི་ལམ་ལུགས་སྒྱུར་བཅོས་བྱས་རྗེས། བདེ་འཇགས་ཐོན་སྐྱེད་སོགས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་དང་མཉམ་དུ་ཕྱོགས་བསྡུས་རང་བཞིན་གྱི་རྒྱུན་གྲབས་འཕྲལ་སྡོམ་རྐང་འཛིན་པའི་སྟོབས་ཤུགས་སུ་བརྩི་རྒྱུ་དང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་དོ་དམ་བྱས་ནས་གཅིག་གྱུར་གྱི་འགོ་ཁྲིད་དང་རིམ་དབྱེའི་བཀོད་འདོམས་ཀྱི་དོ་དམ་སྒྲིག་སྲོལ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
ཚེས་18ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་སྒོ་བྱང་དངོས་སུ་བཀལ་བ་དང་།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་སྒོ་བྱང་འགེལ་བའི་མཛད་སྒོར་ཕེབས་པ།
གསར་དུ་བཙུགས་པའི་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ལྗོངས་ཞིང་འབྲོག་ཐིང་གི་འགན་འཁྲི་དང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཞིང་ལས་མ་དངུལ་རྣམ་གྲངས་དང་། ལྗོངས་ནོར་སྲིད་ཐིང་དང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས། ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ས་ཞིང་བཅོས་སྒྲིག་རྣམ་གྲངས། ལྗོངས་ཆུ་བེད་ཐིང་གི་ས་ཞིང་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་སོགས་དོ་དམ་གྱི་འགན་འཁྲི་བསྡུ་སྒྲིལ་བྱས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་དུ་བྱས་ཏེ་རང་སྐྱོང་ལྗོངས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཅུས་ཀྱི་སྒོ་བྱང་ཐོལ་པ་བཀལ་བ་རེད། དེའི་འགན་འཁྲི་གཙོ་བོ་ནི་ཀྲུང་དབྱང་གི“ཞིང་གསུམ”ལས་དོན་འཐབ་ཇུས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་ཀའི་འཆར་འགོད་སྤྱི་འདོམས་ཞིབ་འཇུག་དང་སྒྲིག་འཛུགས་ལག་བསྟར།འདེབས་འཛུགས་ལས་རིགས་དང་།འབྲོག་ལས། ཉ་ལས། ས་རྒོད་གསར་སྦོལ། ཞིང་ལས་འཕྲུལ་ཆས་ཅན། ཞིང་འབྲོག་ཐོན་རྫས་སྤུས་ཚད་བདེ་འཇགས་བཅས་ལ་ལྟ་སྐུལ་དོ་དམ། ཞིང་འབྲོག་ལས་ཀྱི་ཚན་རིག་དང་མཐུན་པའི་ཞིབ་འཇུག་ལ་མཛུབ་ཁྲིད། ཞིང་འབྲོག་ལས་ཀྱི་མ་དངུལ་དོ་དམ་སོགས་ཀྱི་འགན་འཁུར་རྒྱུ་རེད།
ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དེ་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དུ་བཀོད་སྒྲིག་བྱས་ཏེ་འགོ་ཁྲིད་ཚོགས་ཆུང་གི་ཐད་ཀའི་འགོ་ཁྲིད་དང་ལེན་དང་འགོ་ཁྲིད་ཚོགས་ཆུང་གི་ཞིབ་ཕྲའི་ལས་དོན་གྱི་འགན་འཁུར་རྒྱུ་རེད། དེ་དང་ཆབས་ཅིག་ད་ཐེངས་ལས་ཁུངས་སྒྱུར་བཅོས་ཀྱིས་དེ་སྔའི་ལྗོངས་ཞིང་འབྲོག་ཐིང་གི་ཉ་གྲུ་བརྟག་བཤེར་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལ་སྤྲད་པ་དང་།ལྗོངས་ཞིང་འབྲོག་ཐིང་རང་སོར་བཞག་མེད།
ཚེས་18ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་སྒོ་བྱང་འགེལ་བའི་མཛད་སྒོར་ཕེབས་པ་རེད།
རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཇུས་གཞིར་གཞིགས་ན། རང་སྐྱོང་ལྗོངས་འབྲུ་རིགས་ཅུས་ཀྱི་འགན་འཁྲི་དང་དེ་བཞིན་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། དམངས་སྲིད་ཐིང་། ཚོང་དོན་ཐིང་། ནུས་རྒྱུ་ཅུས་སོགས་སྡེ་ཚན་གྱི་དངོས་ཟོག་གལ་ཆེན་དང་། འཕྲལ་སྡོམ་དངོས་ཟོག་གྲབས་གསོག བརྗེ་རེས། རྒྱུན་གཏན་གྱི་དོ་དམ་འགན་འཁྲི་བཅས་བསྡུ་སྒྲིལ་བྱས་ཏེ་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་བཙུགས་ནས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་སྡེ་ཚན་དོ་དམ་ལས་ཁུངས་སུ་བརྩི་རྒྱུ་ཡིན་པ་རེད།