(པར་ངོས་དང་པོར་མཐུད)གྲོང་ཚོའི་གཉིས་ལྡན་དུད་སྦྲེལ་གྱིས་འདམ་རའི་བདག་སྐྱོང་པའི་འགན་འཁུར་ཏེ་འདམ་རའི་ནང་ཁུལ་གྱི་གད་སྙིགས་སྒྲུག་པ་དང་ལྕགས་རར་སྲུང་སྐྱོབ་བྱེད་པའི་ལས་ཀ་བྱེད་ཀྱི་ཡོད།འདམ་རའི་བདག་སྐྱོང་པ་བསོད་ནམས་དོན་གྲུབ་ཀྱིས་དེ་སྔོན་གྲོང་མི་ཚོས་སྐབས་རེ་འདམ་རའི་ནང་ཕྱུགས་འཚོ་བ་དང་རྨོ་ཞིང་ཡང་གསར་སྦོལ་བྱས་ཡོད།འདམ་རའི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་རྗེས་དེ་སྔོན་གསར་སྦོལ་བྱས་པའི་འདམ་ར་རྨོ་བསྒྱུར་རྩྭ་འདེབས་བྱས་པ།གྲོང་ཚོའི་དེ་སྔོན་བུ་བཅོལ་ཁང་དེ་ཡང་འདམ་རའི་སྲུང་སྐྱོབ་ཁོངས་སུ་བཅུག་ཡོད།དེང་སང་བུ་བཅོལ་ཁང་གནས་སྤོས་བྱས་ཟིན་ཏེ་འདམ་རའི་རྒྱ་ཁྱོན་ཡང་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
འདམ་རར་སྲུང་སྐྱོབ་ཐུབ་རྗེས་གྲོང་ཚོའི་ཁོར་ཡུག་ལ་ལེགས་བཅོས་བྱུང་བ།2014ལོར་ཤག་ལྷོ་གྲོང་ཚོའི་གཞུང་ལམ་བརྒྱུད་ནས་གྲོང་ཚོའི་ལམ་འགྲམ་བར་གྱི་མུའུ་10ལྷག་ཙམ་དུ་སྟར་བུ་དང་སྦྱར་པ་འདེབས་འཛུགས་བྱས་པ།དེ་རྗེས་ས་སྟོང་ཐོག་སྦྱར་པའི་སྡོང་ཕྲུག་2000ལྷག་འདེབས་འཛུགས་བྱས་པ།ན་ནིང་ཞིང་ནང་མུ་ཁར་སྟར་བུའི་སྡོང་ཕྲུག་རྐང་600ལྷག་འདེབས་འཛུགས་བྱས་ཡོད།དེང་སང་།ཤག་ལྷོ་གྲོང་ཚོར་བསྐྱོད་ཚེ་མིག་ལམ་དུ་སྔོ་ཐིང་ཐིང་གི་རྣམ་པ་ཞིག་མཐོང་རྒྱུ་ཡོད།
ཁོར་ཡུག་ལ་ལེགས་བཅོས་བྱུང་བ་དང་།གྲོང་མི་ཚོའི་འཚོ་བ་ལ་ཡང་འགྱུར་ལྡོག་བྱུང་ཡོད།དེ་སྔོན།ཤག་ལྷོ་གྲོང་ཚོའི་གྲོང་མི་ཚོའི་འཐུང་ཆུ་དེ་རི་སྟེང་གི་རྫིང་ཆུ་ཡིན་པ་དང་།དགུན་ཁར་སླེབས་སྐབས་ཆུ་ཤིན་ཏུ་དཀོན་པ་དང་།སྐབས་རེ་ཆུ་སྦུག་ལ་འཁྱགས་པ་ཐེབས་ནས་གྲོང་མི་ཚོའི་འཐུང་ཆུར་འགོག་རྐྱེན་འཕྲད་ཀྱི་ཡོད།2017ལོར་ཤག་ལྷོ་གྲོང་ཚོས་འཐུང་ཆུའི་རང་འབབ་ཆུ་ཀ་ལ་དུད་ཁྱིམ་སོ་སོར་འཁྲིད་པ་དང་།ད་དུང་ཆུ་རྫིང་བསྐྲུན་ཏེ་སྒོ་ཕྱུགས་ཀྱི་འཐུང་ཆུ་ཐག་གཅོད་བྱས་ནས་མི་ཕྱུགས་འཐུང་ཆུ་ལོགས་སུ་དབྱེ་བས་གཙང་སྦྲ་དང་འཕྲོད་བསྟེན་ལ་འགན་ལེན་ཐུབ་ཡོད།གྲོང་ཚོའི་ནང་ད་དུང་གཙང་སྦྲ་བྱེད་མཁན་གྱི་ལས་གནས་10མཁོ་འདོན་བྱས་ཏེ་ཆེད་མངགས་ལམ་ངོས་གཡས་གཡོན་གྱི་ནགས་གླིང་དང་འདམ་རའི་འཕྲོད་བསྟེན་ལ་འགན་འཁུར་བཅུག་པས་གྲོང་ཚོའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།
གསར་བརྗེའི་འབྲས་དཀར་གྱི་འོད་སྟོང་འཕྲོ།
ཤག་ལྷོ་གྲོང་ཚོའི་གསར་བརྗེའི་གླུ་གཞས་དེ་ཆུ་གསུམ་རྫོང་ཙམ་མ་ཟད་ལྷོ་ཁ་གྲོང་ཁྱེར་དུ་ཡང་སྐད་སྒྲགས་ངེས་ཅན་ཡོད།2018ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་འགོ་ཚུགས་ཞབས་བྲོ་དེ་ཤག་ལྷོ་གྲོང་ཚོའི་གསར་བརྗེའི་འབྲས་དཀར་ཡིན་པ་དང་།འདི་ལོའི་ཟླ་8པར།ཤག་ལྷོ་གྲོང་ཚོའི་མི་བཞི་ཡོད་པའི་འབྲས་དཀར་དེ་ད་དུང་ཆུ་གསུམ་རྫོང་གི་སྐབས་ཐོག་མའི་ཨེ་ཆུ་མདོ་རྒྱང་གི་འབྲོག་པའི་དུས་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་འཁྲབ་སྟོན་བྱས་པ་རེད།
ལོ་57ལ་སླེབས་པའི་ཤག་ལྷོ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་ནི་ཏང་ཡོན་རྒན་གྲས་ཤིག་ཡིན་ལ།གསར་བརྗེའི་འབྲས་དཀར་འཁྲབ་སྟོན་རུ་ཁག་གི་ཁོངས་མི་ཞིག་ཡིན།ཁོང་གིས་2010ལོར་ཤག་ལྷོ་གྲོང་ཚོར་འབྲས་དཀར་ཤོད་མཁན་མི་གཅིག་ལས་མེད།2012ལོར་མི་གསུམ་བསྡུས་རྗེས་ད་ལྟའི་མི་བཞི་ཡི་འབྲས་དཀར་འདི་ཆགས།འབྲས་དཀར་གྱི་འབྲས་བཤད་དེ་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་རིང་གིས་བརྩམས་པ་དང་།ནང་དོན་སྟབས་བདེ་ལ་མང་ཚོགས་ཀྱི་འཚོ་བ་དང་ཉེ་བ་ཤ་སྟག་ཡིན།ང་ཚོའི་འཁྲབ་སྟོན་རུ་ཁག་དེ་ལས་ཞོར་གྱི་འཁྲབ་སྟོན་རུ་ཁག་ཡིན་པས་ཆེད་མངགས་ནང་སྦྱོང་སོགས་བྱེད་རྒྱུ་མ་བྱུང་རུང་།འཁྲབ་སྟོན་དངོས་འཁྲབ་བྱེད་པའི་བརྒྱུད་རིམ་ནང་ཚང་མས་སེམས་གཏིང་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བསྟོད་གླུ་ལེན་པ་དང་།ཞིང་ནང་མུ་ཁ་ནི་ང་ཚོའི་རྒྱུན་གཏན་གྱི་ནང་སྦྱོང་བྱེད་ཡུལ་གཙོ་བོ་ཡིན་ལ།ལས་ཞོར་དུ་ངལ་གསོ་རྒྱག་པའི་དུས་ཚོད་ནི་ང་ཚོའི་འཁྲབ་སྟོན་སློབ་སྦྱོང་བྱེད་པའི་དུས་ཚོད་ཡག་ཤོས་ཡིན་པས་དེང་སང་མི་ཚང་མས་འབྲས་དཀར་དེ་ཆུ་རྒྱུག་རྒྱུག་ཤོད་ཐུབ་ཀྱི་ཡོད་ཅེས་བཤད།
གསར་བརྗེའི་འབྲས་དཀར་གང་སར་སྐད་གྲགས་ཆོད་རྗེས་འཁྲབ་སྟོན་རུ་ཁག་གིས་ཀྱང་དཔའ་ཉམས་མི་ཆགས་པ་བྱས།འཁྲབ་སྟོན་རུ་ཁག་ཡོངས་ལ་རུ་མི་12ཡོད་པ་དང་།2017ལོར་འཁྲབ་སྟོན་ཐེངས་གྲངས་15བྱས་ཤིང་། སྐབས་རེ་འཁྲབ་སྟོན་གཅིག་ལ་ཉིན་གཉིས་གསུམ་ཙམ་འགོར་གྱི་ཡོད།བྱེད་སྒོར་ཞུགས་མཁན་གྱི་རུ་མི་ཚོར་ཉིན་རེར་ཁ་གསབ་སྒོར་100ཡོད། རུ་མི་ཚེ་རིང་ནོར་བུས་ཁ་གསབ་ཡོད་མེད་ལ་མི་ལྟོས་པར་ཏང་གི་སྲིད་ཇུས་བཟང་པོ་དང་ཆུ་གསུམ་གྱི་འཕེལ་རྒྱས།མི་རིགས་མཐུན་སྒྲིལ་གྱི་དུས་བབ་བཟང་པོ་དེ་དག་མང་ཚོགས་ཚོར་འབྲས་བཤད་ཐོག་ནས་བརྒྱུད་བསྒྲགས་བྱེད་ན་ང་ཚོ་ཚང་མས་བྱེད་འདོད་ཡོད་ཅེས་བཤད།
བོད་བྱ་གསོ་ཚགས་ཀྱི་མདུན་ལམ་བཟང་།
ཤག་ལྷོ་གྲོང་ཚོའི་ཐོན་ལས་སྐོར་གླེང་སྐབས་བོད་བྱ་གསོ་ཚགས་ར་བ་མ་གླེང་དཀའ་མེད་རེད།དེའི་ནང་གཅིག་ནི་གཉིས་ལྡན་དུད་སྦྲེལ་གྱིས་བཙུགས་པ་དང་།གཞན་ཞིག་དེ་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་ཡིན།
2016ལོར་ཤག་ལྷོ་གྲོང་ཚོའི་ཚོ་ཆུང་གསུམ་པའི་གཉིས་ལྡན་དུད་སྦྲེལ་གྱི་དུད་དཔོན་བསོད་ནམས་དབྱངས་ཅན་གྱིས་གྲོང་ཚོའི་ནང་གི་གཉིས་ལྡན་དུད་སྦྲེལ་དུད་ཁྱིམ་5དང་མཉམ་དུ་དུད་ཁྱིམ་རེ་རེས་སྒོར་3000བཏོན་ནས་བྱ་གསོ་ར་བ་ཆུང་གྲས་ཤིག་བསྐྲུན་པར་མིག་སྔར་བོད་བྱ་100ལྷག་ཡོད་པ་དང་།ཟླ་རེར་སྒོ་ང་བཙོང་པའི་ཡོང་འབབ་སྒོར་2000ལྷག་ཟིན་གྱི་ཡོད།2016ལོའི་སྟོན་བསྡུའི་དུས་སུ།བྱ་གསོ་ར་བས་ཕྱིར་འཚོང་བྱས་པའི་སྒོ་ངའི་ཡོང་འབབ་ཀྱིས་ཤག་ལྷོ་གྲོང་ཚོའི་ཚོ་ཆུང་གསུམ་པའི་དུད་ཁྱིམ་65ཡི་དུད་ཁྱིམ་རེར་གྲོ་ཞིབ་དོ་པོ་རེ་སྐྱེལ་བ་དང་།2017ལོར་ཁོ་ཚོས་སྒོ་ང་བཙོངས་པའི་ཡོང་འབབ་སྒོར་ཁྲི་2ཀྱིས་བརྔ་བསྡུ་འཕྲུལ་འཁོར་4ཉོས་པ་རེད།
བློ་བཟང་ཚེ་རིང་སློབ་ཆེན་ཐོན་རྗེས།རང་ཡུལ་དུ་ལོག་ནས་ལས་གཏོད་བྱེད་རྒྱུའི་སེམས་ཐག་བཅད་ནས་བྱ་གསོ་ར་བ་བཙུགས།ཕ་མ་གཉིས་ཀྱིས་ཀྱང་ཁོ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད།དེ་རྗེས་ཁོ་པས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་གྲོང་ཚོའི་ནང་གི་བྱ་གསོ་ར་བ་ནས་བྱ་གསོའི་ལག་རྩལ་སྦྱངས་ཏེ་ཁོ་པ་རང་ཉིད་ཀྱིས་བྱ་གསོ་ར་བ་ཞིག་བཙུགས་ནས་སྒོ་ང་ཕྱིར་འཚོང་བྱས་པར་བྲིན་ཁ་རྒྱུག་པོ་ཡོད་པ་རེད།
མ་འོངས་བྱ་གསོ་ར་བ་འཕེལ་རྒྱས་ཀྱི་འཆར་འགོད་གླེང་སྐབས་བློ་བཟང་ཚེ་རིང་གིས་སྔོན་ལ་གཞི་རྒྱ་ཆུང་ཆུང་གི་གསོ་ཚགས་ནས་འགོ་ཚུགས་ཏེ་ཉམས་མྱོང་གསོག་འཇོག་བྱས་རྗེས།ཕྱོགས་གང་ཕྱིའི་ཐད་ཀྱི་ཆ་རྐྱེན་ཚང་སྐབས་བྱ་གསོ་ར་བའི་གཞི་རྒྱ་ཆེ་རུ་བཏང་སྟེ།ཤག་ལྷོ་གྲོང་ཚོའི་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས་ཤག་ལྷོ་གྲོང་ཚོའི་རི་བྱའི་ལན་པར་བཏོད་ཀྱི་ཡིན་ཞེས་བཤད།
སྣོད་བཅུད་ཁོར་ཡུག་དེ་ཤག་ལྷོ་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ཡོད་པའི་རྐྱེན་གྱིས་བོད་བྱ་གསོ་ཚགས་ལས་རིགས་དེ་ཡང་འདི་གར་ལམ་ལྷོངས་བྱུང་བཞིན་ཡོད་དོ།