དཀའ་ཚེགས་ཆེ་བའི་འདས་དོན།
1972ལོར་སྐྱེས་པའི་རྒྱ་མཚོ་1996ལོའི་ཟླ་7པར་ལྷོ་ཁ་གྲོང་ཁྱེར་དགེ་འོས་སློབ་གྲྭ་ནས་ཐོན་ཏེ་གྲ་ནང་རྫོང་གྲ་ཕྱི་ཤང་དམངས་གཙོ་གྲོང་ཚོའི་སློབ་ཁྲིད་ས་ཚིགས་སུ་ལས་བགོས་བརྒྱབ་པ་ནས་ད་བར་དགེ་རྒན་གི་ལས་ལ་གཞོལ་བཞིན་ཡོད།
གྲ་ཕྱི་ཤང་དམངས་གཙོ་གྲོང་ཚོ་ནི་གྲ་ནང་རྫོང་གི་ལུང་ཁུག་ལུང་རྐྱང་གི་གྲས་ཤིག་ཡིན་པ་དང་།ལམ་ཐག་རིང་བ་མ་ཟད། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་རྗེས་ལུས་ཐེབས་ཁར། དབུལ་ཞིང་ཕོངས་བས་དེ་གར་འཚོ་བ་སྐྱེལ་བའི་མི་ཚོས་ལུང་ཁུག་ནས་ཐོན་ཏེ་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་འདོད་ཆེན་པོ་བྱེད་པ་དེ་ཕྲུ་གུ་ཚང་མའི་ཕུགས་འདུན་རེད། ཕྲུ་གུ་ཚོའི་ཕུགས་བསམ་མངོན་འགྱུར་ཆེད་དུ་རྒྱ་མཚོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ཐག་རིང་ལུང་ཁུག་གྲོང་ཚོ་འདིའི་སློབ་ཁྲིད་ས་ཚིགས་སུ་གཞིས་ཚུགས་ཏེ་ལང་ཚོ་དར་ལ་བབ་པའི་སྐབས་ཕྲག་སྟེང་དུ་འགན་འཁྲི་ལྕི་པོ་འཁུར་ནས་ལོ་20ལྷག་ཙམ་སློབ་ཁྲིད་ཀྱི་ལས་ལ་གཞོལ་བ་རེད། 2000ལོར་གྲོང་ཚོ་དེའི་དུད་ཚང་དབུལ་པོའི་སློབ་མ་གཅིག་ཀྱང་སློབ་མཚམས་མི་ཆད་པ་བྱ་ཆེད། ཁོང་གིས་སེར་སྣ་མེད་པར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་700ཞལ་འདེབས་བརྒྱབ་པ་དང་སྐབས་དེ་དུས་ཁོང་གི་ཟླ་རེའི་གླ་ཕོགས་སྒོར་1000ཡང་ཟིན་གྱི་མེད། དེས་མ་ཚད་ཁོང་གིས་སློབ་མར་རང་ཉིད་ཀྱི་ཕྲུ་གུ་ལྟར་གཅེས་སྐྱོང་བྱས་ནས་ཉིན་ལྟར་ཉིན་དགུང་ཇ་བསྐོལ་ཏེ་སློབ་མ་ཚོར་སྤགས་སྟེར་བ་དང་། ཉིན་ལྟར་ཞོགས་པ་ཁོང་གིས་སློབ་མ་རེ་རེ་བཞིན་སློབ་གྲྭར་བསུས་ཏེ་ཕྱི་དྲོ་ཁྱིམ་དུ་སྐྱེལ་གྱི་ཡོད།
ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ།
དམངས་གཙོའི་གྲོང་ཚོ་ནི་གྲང་ངར་ཆེ་བའི་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། གྲོང་མིའི་སྡོད་གནས་ཁ་ཐོར་ཡིན་སྟབས་ཕྲུ་གུ་སློབ་གྲྭར་འགྲོ་བདེ་པོ་མེད་ལ། མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཡོངས་ཁྱབ་ངང་ཞན་པོ་ཡོད། དང་ཐོག་མར་སློབ་ཁྲིད་ས་ཚིགས་སུ་སླེབས་སྐབས་སློབ་མ་མང་པོ་ཞིག་སློབ་གྲྭར་འགྲོ་མི་ཐུབ་པ་དང་སློབ་ལོ་ལོན་པའི་བྱིས་པ་མང་པོ་སློབ་མཚམས་ཆད་ཡོད། རྒན་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་དེ་དག་ཤེས་མ་ཐག་སེམས་ནང་དངངས་སྐྲག་ཆེན་པོ་སྐྱེས། དེ་ནས་ཁོང་གིས་ཉིན་མོ་སློབ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། དགོང་མོ་སློབ་གྲྭ་གྲོལ་རྗེས་གྲོང་ཚོའི་ཚོགས་ཆུང་ཚང་མར་བསྐྱོད་ནས་ཁྱིམ་ཚང་རེ་རེ་བཞིན་བྱིས་པ་སློབ་གྲྭར་གཏོང་རྒྱུའི་སྐུལ་སློང་བྱས་པ་དང་། ཕྲུ་གུ་སློབ་གྲྭར་གཏོང་མི་ཐུབ་པའི་རྒྱུ་མཚན་ཤེས་རྟོགས་བྱས། དཀའ་ངལ་ཆེ་བས་སློབ་གྲྭར་བསྐྱོད་མི་ཐུབ་པའི་ཕྲུ་གུར་སློབ་སྦྱོང་ཡོ་ཆས་ཁ་ཤས་སྤྲད་དེ་ཁོང་ཚོར་སློབ་གྲྭར་ཞུགས་དགོས་པའི་བསླབ་བྱ་བྱས་པ་དང་། ཁྱིམ་ནང་ཕྱུགས་འཚོས་ནས་བསྡད་པའི་ཕྲུ་གུའི་ཁྱིམ་བདག་ལ་ངང་རྒྱུད་རིང་པོ་དང་ཞིབ་ཚགས་སྒོ་ནས་བསམ་བློའི་སྐུལ་སློང་བྱས་ཏེ་སློབ་ཞུགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཁོང་གིས་གྲོང་ཚོ་དེའི་ཁྱིམ་ཚང་མི་རེ་ངོ་རེར་བསྐྱོད་ནས་ལོ་ལྟར་སྐུལ་སློང་དང་ཉིན་ལྟར་བརྟན་སྲུང་བྱས་པ་རེད།
“མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད”ཅེས་པ་ལྟར། ཁོང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གྲོང་ཚོ་དེ་དང་ཐ་ན་ས་ཁོངས་དེའི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། 1996ལོའི་40%ནས་2006ལོའི་100%བར་འཕར་ཡོད། དེ་དང་དུས་མཚུངས་སློབ་དགོངས་ཞུས་པ་དང་སློབ་མཚམས་ཆད་པའི་སློབ་མ་རེ་ཟུང་ཡང་ཁོང་གིས་བློས་གཏོང་གཏན་ནས་མི་བྱེད་པར་དུས་ངེས་མེད་ངང་ཁོང་ཚོའི་ཁྱིམ་དུ་བསྐྱོད་ནས་འཚམས་འདྲི་དང་སྐུལ་སློང་བྱས་པ་དང་། དཀའ་ངལ་ཁྱད་བསད་བྱས་ཏེ་སེམས་ནུས་ཡོད་རྒུས་རོགས་སྐྱོབ་བྱས་པས་སློབ་མཚམས་ཆད་ཚད་ཆེས་ཆེར་དམའ་རུ་ཕྱིན་པ་རེད།
སློབ་ཕྲུག་གང་སར་ཁྱབ།
ཁོང་གི་གསོ་སྐྱོང་འོག་སློབ་ཁྲིད་ས་ཚིགས་ཀྱིས་སྔ་རྗེས་སུ་སློབ་མ་1500ལྷག་ཙམ་གསོ་སྐྱོང་བྱས་པ་དང་། ཉུང་ཤོས་ལ་ཡང་མི་100ལྷག་ཙམ་རྒྱལ་ཁབ་ཀྱི་ལས་དོན་མི་སྣར་གྱུར་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལས་རིགས་ཁག་ཁྲོད་ཡོད་པ་དེའི་ནང་ཉེན་རྟོག་པ་དང་། སྨན་པ། དགེ་རྒན་སོགས་ཀྱི་ལས་གནས་སྣ་ཚོགས་བརྟན་སྲུང་བྱེད་བཞིན་ཡོད།
ལས་ཀའི་ཁྲོད་རྒྱ་མཚོས་བྱམས་སེམས་ཆེ་ལ་འགན་འཁྲི་འཁུར་སེམས་ལྡན་པའི་མི་ཞིག་བྱེད་ཅིང་། ཁོང་གིས་སློབ་གྲྭའི་ཁེ་ཕན་དང་སློབ་མའི་ཁེ་ཕན་གཙོ་བོར་འཛིན་པས་ཚང་མའི་ཁས་ལེན་ཐོབ་ཡོད། 1997ལོའི་ཟླ་9ཚེས་10ཉིན་གྱི་དགེ་རྒན་དུས་ཆེན་ཐེངས་བཅུ་གསུམ་པའི་ཐོག་གྲ་ནང་རྫོང་མི་དམངས་སྲིད་གཞུང་གིས་ཁོང“ཕུལ་བྱུང་གི་འཛིན་གྲྭའི་ཀྲུའུ་རེན”ལ་བདམས་པ་དང། 2007ལོའི་དགེ་རྒན་དུས་ཆེན་སྐབས་གྲ་ནང་རྫོང་མི་དམངས་སྲིད་གཞུང་གིས“ཕུལ་བྱུང་དགེ་བའི་བཤེས་གཉེན”ལ་བདམས་པ། 2013ལོའི་ཟླ་3པར་ལྷོ་ཁ་ས་ཨུད་དང་ལྷོ་ཁ་སྲིད་འཛིན་ཀུང་ཧྲུའུ་ཡིས་སྐབས་གཉིས་པའི“མི་སེམས་འགུལ་བའི་ལྷོ་ཁའི་མི་སྣ་བཅུ”ཡི་མཚན་སྙན་སྤྲད་པ། 2013ལོར་སློབ་གསོ་པུའི“སྤྱོད་བཟང་དགེ་རྒན་གྱི་སློབ་གསོའི་རིགས་གཅིག་མཁས་ཅན་གྱི་མཛོད”ནང་བཅུག་པ། 2015ལོར“རྒྱལ་ཡོངས་ཀྱི་སྤྱོད་བཟང་དགེ་རྒན་དཔེ་བཟང་བ་དང་མིག་དཔེའི་དགེ་རྒན”ལ་བདམས་པ། 2015ལོའི་ཟླ་9པར“རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས”ལ་བདམས་པ། 2017ལོའི་ཟླ་2པར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“གྲ་ནང་བ་ཡག་ཤོས”ལ་བདམས་པ་རེད།