ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ཐོག་གནས་ཚུལ་སྤེལ་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་རྩོད་གཞིའི་སྐོར་གྱི་དོན་དངོས་དང་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་དོན་དངོས་གསལ་བཤད་ཀྱིས་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གི་རྩོད་གཞིའི་ཐད་འཛིན་པའི་ཀྲུང་གོའི་སྲིད་ཇུས་དང་ལངས་ཕྱོགས་རྒྱས་བཤད་བྱས་ཏེ་དཀའ་རྙོག་ལུགས་མཐུན་ངང་ཐག་གཅོད་ཡོང་བར་སྐུལ་མ་གཏོང་རྒྱུ་དེ་རེད།
རྒྱབ་ཤ་དཀར་པོའི་དེབ་ཧྲིལ་པོར་ཡིག་འབྲུ་ཁྲི་3.6ཙམ་ཡོད་ཅིང་། གླེང་གཞི་ཕུད་ཁྱོན་ས་བཅད་དྲུག་ཡོད་པ་དེ་དག་ནི། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཉིས་ཕན་གཉིས་ཁེ་དང་། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་དོན་དངོས། ཨ་རི་སྲིད་གཞུང་གི་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་སྤྱོད། ཨ་རི་སྲིད་གཞུང་གི་ཉོ་ཚོང་བཙན་གནོན་རིང་ལུགས་ཀྱི་བྱེད་སྤྱོད། ཨ་རི་སྲིད་གཞུང་གི་ལུགས་མཐུན་མིན་པའི་བྱེད་སྤྱོད་ཀྱིས་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་བཟོས་པའི་གནོད་འཚེ། ཀྲུང་གོའི་ལངས་ཕྱོགས་བཅས་ཡིན་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་ཨ་རི་ནི་འཛམ་གླིང་ཐོག་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པས། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོར་དོན་སྙིང་ཆེན་པོ་ལྡན་ཡོད་ལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་དང་འཕེལ་རྒྱས་ཡོང་བར་ཡང་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཀྱི་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས་དང་དཔལ་འབྱོར་ལམ་ལུགས་མི་འདྲ་བར་བརྟེན་དཔལ་འབྱོར་ཉོ་ཚོང་ཐད་རྩོད་གཞི་བྱུང་བ་ནི་རྒྱུན་གཏན་ཞིག་ཡིན་པས། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་སྐུལ་མ་གཏོང་བ། འགལ་ཟླར་དོ་དམ་ཚོད་འཛིན་བཅས་ཇི་ལྟར་བྱ་རྒྱུ་ནི་འགག་རྩ་ཡིན། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་འདྲ་མཉམ་དང་། ཚུལ་མཐུན། ཁ་ཕྱོགས་གཅིག་མཐུན་ངང་མདུན་སྐྱོད་བྱ་རྒྱུའི་རྩ་དོན་ལ་གཞིགས་ཏེ་ཀྲུང་ཨའི་ཚོང་དོན་མཉམ་འབྲེལ་ཨུ་ལྷན་དང་། འཐབ་ཇུས་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོད་རེས། འཐབ་ཇུས་དང་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོད་རེས། ཕྱོགས་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོད་རེས་སོགས་འབྲེལ་གཏུག་མཐུན་སྦྱོར་གྱི་ལམ་སྲོལ་སྔ་རྗེས་སུ་བཙུགས་ཏེ་ཕྱོགས་གཉིས་པོས་དེའི་ཐད་འབད་པ་ལྷོད་མེད་བྱས་པས། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་དེས་ཉེ་བའི་ལོ་40ཙམ་རིང་འགོག་རྐྱེན་སྣ་ཚོགས་ཁྱད་བསད་ཐུབ་སྟེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་བྱུང་ནས་ཀྲུང་ཨའི་འབྲེལ་བའི་གྲུ་ནང་གནོན་རྡོ་དང་སྐུལ་འདེད་གཏོང་ཆས་ལྟ་བུར་གྱུར་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་། 2017ལོར་ཨ་རིའི་སྲིད་གཞུང་སྐབས་གསར་པས་འགན་འཁུར་ཚུན“ཨ་རི་ཨང་དང་པོའི”འབོད་སྐུལ་འོག་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྲོས་མོལ་སོགས་ཀྱི་རྒྱལ་སྤྱིའི་དབར་སྤེལ་རེས་བྱེད་པའི་གཞི་རྩའི་ཚད་གཞི་དོར་ནས་ཕྱོགས་རྐྱང་པའི་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། དཔལ་འབྱོར་བཙན་དབང་རིང་ལུགས་བཅས་ལག་ལེན་བསྟར་ཏེ་རྒྱལ་ཁབ་དང་ས་ཁུལ་མང་པོ་དང་ལྷག་པར་དུ་ཀྲུང་གོར་དོན་དངོས་དང་མི་མཐུན་པའི་སྐྱོན་བརྗོད་མང་པོ་བྱས་པ་དང་། སྒོ་ཁྲལ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་དཔལ་འབྱོར་གྱི་འཇིགས་སྣང་བསྐུལ་ཏེ་མཐའ་བཀག་རི་བཀག་གི་གནོན་ཤུགས་སྤྲོད་པའི་བྱ་ཐབས་ཐོག་ནས་རང་ངོས་ཀྱི་ཁེ་ཕན་དང་འདོད་པ་དེ་ཀྲུང་གོའི་ཐོག་བཙན་འགེལ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་། གནས་ཚུལ་དེ་རིགས་འཕྲད་སྐབས་ཀྲུང་གོས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་འཛམ་གླིང་གི་ཉོ་ཚོང་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཡོངས་ལ་བསམས་ཏེ་སྐད་ཆ་ཤོད་རེས་དང་གྲོས་མོལ་གྱི་ཐབས་ལམ་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་བཟོད་སྒོམ་དང་ལྷག་བསམ་ཆེ་ཤོས་ཀྱི་སྒོ་ནས་ཨ་རིའི་ཁེ་ཕན་ལ་བསམ་གཞིགས་བྱས་ཏེ་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གི་རྣམ་འགྱུར་ཐོག་ནས་འགལ་ཟླ་ཐག་གཅོད་འོས་འཚམ་བྱེད་པ་དང་། དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཨ་རི་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་ཐེངས་མང་བྱས་ཏེ་དངོས་སྒྲུབ་ངང་ཐག་གཅོད་བྱེད་པའི་ཇུས་གཞི་བཏོན་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་བརྟན་པོ་ཡོང་ཕྱིར་དཀའ་སྤྱད་འབད་འཐབ་བྱས་ཡོད་ཅེས་འཁོད་ཡོད།