(པར་ངོས་དང་པོར་མཐུད) ཚོགས་ཆུང་དྲུག་ནང་གི་ཚོགས་ཆུང་གཅིག་ཡིན་པ་དང་ཟླ་བ་ཚེ་རིང་ནི་སྣེ་གདོང་གྲོང་ལྷན་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རེད།
སྣེ་གདོང་ཆུས་ཀྱིས་ལག་བསྟར་བྱས་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་གསར་གཏོད་བྱེད་ཐབས་སྟེ། ལས་བྱེད་པ་དང་ལས་བཟོ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཞིང་འབྲོག་པ་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་པ་དེས་ཁོང་ཚོ་ཁྱིམ་ཚང་གཅིག་ལྟར་ཆགས་པ་རེད།
གྲོང་ཁྱེར་ནང་དུ་འཚར་ལོངས་བྱུང་བའི་ལི་ཝེ་དང་ཚེ་རིང་གཡུ་སྒྲོན་གྱི་ངོས་ནས་བརྗོད་ན། ཞིང་ནང་དུ་ལས་ཀ་བྱེད་ཐེངས་དང་པོ་ཡིན་པ་རེད།
ཚེ་རིང་གཡུ་སྒྲོན་གྱིས“གྲོང་མིའི་དཀའ་སྡུག་མྱོང་ཚོར་ཐུབ་པ་ཕུད་དེ་བས་ནི་ཤེས་རྒྱ་ཆེ་རུ་ཕྱིན་སོང”ཞེས་དང“ཞིང་ལས་དངོས་འབྲེལ་ཤེས་པ་དང་། གྲོང་གསེབ་དང་ཞིང་པར་དགའ་ཞེན་བྱེད་པར་ཞིང་ནང་དུ་བསྐྱོད་དེ་དངོས་སུ་ཞིང་ལས་བྱས་ཚེ་རྗེས་སུ་ལས་དོན་སྤེལ་སྐབས་དེ་བས་ཉམས་མྱོང་ཡོད་པ་དང་ཞིང་པའི་དངོས་ཡོད་དཀའ་ངལ་ཐག་གཅོད་དེ་བས་ཡག་པ་བྱེད་ཐུབ”ཅེས་བཤད།
ཞིང་ལས་ཤེས་དགོས་པ་ནི་གོམ་སྟབས་དང་པོ་ཡིན་པ་དང་དེ་ནི་གྲོང་གསེབ་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞི་ཡིན། གྲོང་གསེབ་དང་ཞིང་པར་དགའ་ཞེན་བྱེད་པ་དང་ལྷག་བསམ་ཟོལ་མེད་ངང་དེའི་ཁྲོད་ཞུགས་ཚེ་གཞི་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཛུགས་སྐྲུན་པ་ཞིག་ཏུ་དངོས་སུ་གྱུར་ཐུབ།
ཟླ་བ་ཚེ་རིང་གི་ཁྱིམ་དུ་མི་4ཡོད་ཅིང་། ཕྲུ་གུ་གཉིས་ས་ཆ་གཞན་དུ་སློབ་གྲྭ་འགྲིམས་བཞིན་ཡོད་པ་དང་ལོ་ན་མཐོ་བའི་ཨ་མའི་འགྲོ་སྐྱོད་ཐད་སྟབས་བདེ་མེད་པས་འཚོ་བའི་ཁུར་པོ་ལྕི་པོ་དེ་ཟླ་བ་ཚེ་རིང་གི་ཕྲག་སྟེང་དུ་བབས་ཡོད།
ཨུ་ཡོན་ལྷན་ཁང་གིས་མ་གཞི་དུས་བཀག་བཞིན་གྲོང་མིར་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཀྱི་ཡོད་མོད། འོན་ཀྱང་རིག་གནས་ཆུ་ཚད་དམའ་བའི་རྐྱེན་པས་གྲོང་མི་མི་ཉུང་བ་ཞིག་གིས་གོ་བ་ལེན་ཐུབ་ཀྱི་མེད། “ཟླ་བ་ཚེ་རིང་གི་ཁྱིམ་ཚང་ལྟ་བུར་ཆ་མཚོན་ན། ཕྲུ་གུ་གཉིས་སློབ་གྲྭ་འགྲིམས་ཀྱི་ཡོད་པས་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་ལོངས་སྤྱོད་ཐུབ་ཀྱི་ཡོད། འོན་ཀྱང་ཟླ་བ་ཚེ་རིང་གིས་ཡི་གེ་ཤེས་ཀྱི་མེད་པས་གོ་སྐབས་དེ་ཤོར་བ་རེད”ཅེས་ཚེ་རིང་གཡུ་སྒྲོན་གྱིས་བརྗོད།
ད་ཐེངས་དུད་ཚང་དུ་བསྐྱོད་པ་དེས་རྩེད་ཐང་གྲོང་རྡལ་གྱིས་གྲོང་མིའི་ཐོན་སྐྱེད་འཚོ་བ་དང་ཆེས་ཉེ་བཅར་ཡིན་པའི་དམངས་ཕན་སྲིད་ཇུས་ཀྱི་ལག་དེབ་བཟོས་ནས་ལས་བྱེད་ལས་བཟོར་གྲོང་མིའི་ཁྱིམ་དུ་འཁྱེར་ནས་ས་གནས་ས་ཐོག་ཏུ་འགྲེལ་བཤད་བརྒྱབ་ཡོད། དེ་ལྟར་ཚང་མས་རང་ཉིད་ཀྱིས་དམངས་ཕན་གཟིགས་སྐྱོང་སྲིད་ཇུས་གང་དག་ལོངས་སྤྱོད་ཐུབ་པ་དང་ད་དུང་དམངས་ཕན་སྲིད་ཇུས་གང་དག་རེ་ཞུ་བྱ་ཆོག་མིན་གསལ་པོ་ཤེས་ཀྱི་ཡོད།
དུས་ཐུང་ཉིན་འགའ་ཤས་རིང་། ཁོང་གཉིས་རིམ་བཞིན་གྲོང་གསེབ་ཀྱི་འཚོ་བར་གོམས་པ་དང་ད་དུང་གྲོང་གསེབ་ཀྱི་འཚོ་བར་ཞུགས་པ་རེད། ཟླ་བ་ཚེ་རིང་གི་ཨ་མ་ཟླ་བ་པ་སངས་ཇ་མངར་མོ་དང་བོད་ཐུག་འཐུང་རྒྱུར་དགའ་པོ་ཡོད། ཁོང་ཚོས་བོད་ཟས་ཟ་ཁང་དུ་ཕྱིན་ནས་ཁོང་ལ་ཇ་དང་ཐུག་པ་ཉོ་གི་ཡོད། ཟླ་བ་ཚེ་རིང་གི་ཁྱིམ་ལ་དྲ་རྒྱ་མེད་པས་ཁོང་ཚོས་དུས་ཚོད་ངེས་གཏན་ནང་གསར་འགྱུར་མཉམ་བསྒྲགས་བལྟས་ནས་ནང་མི་ཡོངས་ལ་གསར་འགྱུར་གྱི་ནང་དོན་འགྲེལ་བཤད་རྒྱག་གི་ཡོད། ཟླ་བ་པ་སངས་ཀྱི་སེམས་ལ་ཁོང་ཚོས་རྩམ་པ་ཟ་བར་གོམས་ཀྱི་མེད་པར་དོགས་ནས་སྒོ་ང་བཙོས་པ་དང་། ཁོང་ཚོ་གཉིད་ཡག་པོ་མི་ཁུག་པར་དོགས་ནས་ནམ་ཕྱེད་ཙམ་ལ་ཁོང་ཚོར་ཕོ་ཁེབས་གཡོག་གི་ཡོད།
“ང་ཚོ་སླེབས་པའི་ཉིན་དེ་དག་རིང་བྱ་བ་ཙག་ཙིག་ནས་ཀྱང་ཁོང་ཚོའི་བབ་ཆགས་ལ་གཞུང་དྲང་བའི་རང་གཤིས་ཚོར་བྱུང་། ཁོང་ཚོའི་རྣམ་འགྱུར་དང་རེ་སྒུག་ལས་ཀྱང་ང་ཚོར་ངེས་པར་དུ་འབད་བརྩོན་བྱེད་དགོས་པ་ཚོར་བྱུང”ཞེས་ཚེ་རིང་གཡུ་སྒྲོན་གྱིས་མྱོང་ཚོར་ཆེན་པོས་བརྗོད་པ་དང་། ཁོང་གིས་ད་དུང“ཏང་གི་ལས་བྱེད་པ་ཞིག་གི་ངོས་ནས་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་ཞིང་པའི་གནད་དོན་ཐག་གཅོད་བྱེད་པ་ང་ཚོའི་འོས་འགན་དང་འགན་འཁྲི་རེད། ཁོང་ཚོའི་དགོས་མཁོ་མང་ཙམ་ཤེས་རྟོགས་བྱེད་པ་དང་ཁོང་ཚོའི་བསམ་འདུན་མང་ཙམ་ཉན་ནས་ཁོང་ཚོ་དང་མཉམ་དུ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཐབས་ཤེས་དང་ཐབས་ལམ་འཚོལ་ཞིབ་བྱེད་པར་སྣེ་ཁྲིད་བྱས་ནས་ཁོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱས་ཚེ་གཞི་ནས་གྲོང་གསེབ་དར་རྒྱས་དངོས་གནས་གཏོང་ཐུབ”ཅེས་བརྗོད། ལི་ཝེ་དང་ཚེ་རིང་གཡུ་སྒྲོན་ནི་སྣེ་གདོང་ཆུས་ཀྱི“ཞིང་ལས་ཤེས་པ་དང་། གྲོང་གསེབ་དང་ཞིང་པར་དགའ་ཞེན་བྱེད་པའི”གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་རོགས་སྐྱོར་བྱེད་མཁན་གྱི་ཚོགས་ཆུང་ཞིག་ཡིན་པ་དང་། རིང་མིན་གྱི་རྗེས་སུ་སྟོབས་ཆེ་བའི་ཞིང་པའི་དཔུང་ཁག“གསར་པ”དེ་སྣེ་གདོང་ཡོངས་ལ་ཁྱབ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་མདུན་མར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།