(པར་ངོས་དང་པོར་མཐུད) ཁྱིམ་དུད་སྒོ་གྲངས་69ལ་ཁྱབ་ཅིང་སྤྱིའི་མ་འཇོག་སྒོར་ཁྲི་8858ཟིན་ཡོད་པ་རེད། རྣམ་གྲངས་དེ་2014ལོའི་ཟླ་3པར་ལག་བསྟར་བྱེད་འགོ་ཚུགས་ནས་2015ལོའི་ཟླ་7པར་ལས་མཇུག་སྒྲིལ་ཡོད་ཅེས་བཤད།
མག་མང་ཤང་མོན་པའི་སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་རྗེས། ས་གནས་དེ་གའི་མང་ཚོགས་ཀྱི་བདེ་སྡོད་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་བའི་ཁར། མོན་པའི་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཏེ་མོན་པ་རིགས་ཀྱི་ས་ཁུལ་དུ་ཡིད་དབང་འཕྲོག་ཐུབ་པའི་མཛེས་ལྗོངས་ཁུལ་ཞིག་ཆགས་པས་སྒོ་ཀུན་ནས་ལེགས་པོ་རོང་གི་ཡུལ་སྐོར་ཐོན་ལས་གསར་སྤེལ་ལས་དོན་ལ་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།
ཉེ་བའི་ལོ་ཤས་ནང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཁྱིམ་ཚང་གི་མགྲོན་ཁང་གཉེར་བ་སོགས་ཐབས་ལམ་བརྒྱུད་དངུལ་དམར་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་ཐབས་བྱས་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུར་ཞུགས་པ་རེད།
རི་གྲོང་ཞིང་པའི་སྤྲོ་སྐྱིད་གླིང་ཞེས་པ་དེ་ཚེ་རིང་རྒྱ་མཚོས་འཛུགས་གཉེར་བྱས་པ་ཞིག་རེད། 2015ལོར་ཚེ་རིང་རྒྱ་མཚོས་མ་དངུལ་སྒོར་ཁྲི་12བཏོན་པ་དང་དེའི་ཁར་རྒྱལ་ཁབ་ནས་ཁ་གསབ་རོགས་དངུལ་སྒོར་ཁྲི་28མཉམ་དུ་སྒྲིལ་ནས་ཐོག་བརྩེགས་གསུམ་ཡོད་པའི་བ་གམ་དེའི་ནང་གནས་སྤོ་བྱས་པ་ཞིག་ཡིན།
ཁོ་པས་གསར་འགོད་པར་བཤད་དོན། རྒྱལ་ཁབ་ཀྱིས་ང་ཚོར་གཟིགས་སྐྱོང་གི་སྲིད་ཇུས་ཡག་པོ་འདི་འདྲ་གནང་བར་བརྟེན་ང་ཚོས་ཁང་པ་གསར་པ་འདི་འདྲའི་ནང་སྡོད་རྒྱུ་བྱུང་སོང་། དུས་དེ་ནས་བཟུང་། ངས་ཀྱང་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་རྐང་པ་མི་འཐེན་པའི་ཆོད་སེམས་བརྟན་པོ་བཙུགས་པ་ཡིན་ཞེས་བཤད།
ལོ་གཉིས་སོང་རྗེས། དེ་རིང་གི་ཚེ་རིང་རྒྱ་མཚོས་རང་ཉིད་ཀྱི་ཞིང་ཁྱིམ་གྱི་སྤྲོ་སྐྱིད་གླིང་འཛུགས་གཉེར་བྱས་ཡོད་པ་མ་ཟད། ད་དུང་ཁོ་པས་སྦྲག་སྲིད་སྐྱེལ་མཁན་གྱི་ལས་ཀ་ཡང་ལས་བཞིན་ཡོད། ཁོ་པས་བརྗོད་དོན། ད་ཆ་ང་ཚོར་ལོ་རེའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་འདུག ངས་ཀྱང་ཏང་གི་བཀའ་དྲིན་སྨེ་སལ་བརྟན་པོར་ངེས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་ལན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་བདག་སྲུང་ཡག་པོ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་ཀྱི་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། མག་མང་ཤང་དུ་ད་ལྟའི་ཆར། ཁྱིམ་ཚང་མགྲོན་ཁང་གྲངས་51ཡོད་པ་དང་། ཟ་ཁང་གྲངས་5 ཚོང་ཁང་གྲངས་5 མི་རིགས་ཁྱད་ལྡན་ཐོན་ཟོག་ཕྱིར་འཚོང་ཁང་གྲངས་7བཅས་ཡོད་ཅིང་། 2016ལོར་འབབ་འཕར་ཁྱོན་སྒོར་ཁྲི་86.1་མངོན་གྱུར་བྱུང་བ་རེད།
མག་མང་ཤང་སློབ་ཆུང་དུ་འགར་འགོད་པ་སློབ་ཕྲུག་ཚོའི་དཔེ་ཀློག་སྒྲ་ཡིས་ཡིད་དབང་འཕྲོག་ཅིང་། རྒྱ་ཆེན་པོ་དེ་ཙམ་མེད་པའི་སློབ་གྲྭ་དེའི་ནང་། དཔེ་མཛོད་ཁང་དང་། རྒྱང་བསྒྲགས་ཁང་། གློག་རྡུལ་སྒྲིག་ཆས་ཁང་། སློབ་ཕྲུག་ཟ་ཁང་། གོས་བཀྲུ་ཁང་སོགས་སྒྲིག་ཆས་འཐུས་སྒོ་ཚང་ཐག་ཆོད་འདུག སློབ་ཆུང་དེའི་སློབ་སྤྱི་གཞོན་པ་ཡོན་ཧྲ་ཡིས་བཤད་དོན། མིག་སྔར། སློབ་གྲྭར་ཁྱོན་སློབ་ཕྲུག་35ཡོད་ཅིང་། ཚང་མ་མག་མང་རོང་གི་ཤང་གྲོང་རྡལ་4ནས་རེད། ང་ཚོའི་སློབ་གྲྭ་འདི་ནི་མག་མག་རོང་དུ་ཡོད་པའི་སློབ་ཆུང་གཅིག་པུ་འདི་རེད་ཅེས་བཤད།
མག་མང་ཤང་སློབ་ཆུང་གི་སློབ་ཕྲུག་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་100ཟིན་ཞིང་། རྒྱལ་ཁབ་ཀྱི་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ཀྱང་དེ་གར་དོན་འཁྱོལ་ཡག་པོ་ཐུབ་བཞིན་ཡོད་པས་ཁྱིམ་བདག་མང་པོས་བུ་ཕྲུག་སློབ་གྲྭ་དེ་གར་སྐྱེལ་རྒྱུར་དགའ་པོ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པས་སློབ་ཕྲུག་རྣམས་ལ་སློབ་གྲྭར་བསྐྱོད་ན་དགའ་པོ་འདུག་གམ་ཞེས་འདྲི་བའི་སྐབས། ལོ་རིམ་གསུམ་པའི་སློབ་ཕྲུག་ཆོས་འཕེལ་གྱིས་བརྗོད་དོན། འདི་གར་ངས་གླུ་གཞས་དང་། མཛེས་རྩལ། དེ་བཞིན་ཤེས་བྱ་མང་པོ་ཤེས་ཀྱི་འདུག ད་དུང་གྲོགས་པོ་མང་པོ་འགྲིགས་ཐུབ་པས་ཧ་ཅང་དགའ་པོ་འདུག་ཅེས་བཤད།
གསར་འགོད་པས་སློབ་གྲྭ་ནས་ཁ་གྱེས་ཏེ་འགྲོ་བའི་ལམ་བར་དུ་ཏག་ཏག་ཤང་གྲོང་རྡལ་གྱི་ལས་བྱེད་པས་དབུལ་པོའི་དུད་ཁྱིམ་དུ་བཅར་བའི་སྐབས་དང་འཁེལ། གྲོང་སྡོད་ལས་དོན་རུ་ཁག་གིས་རུ་དཔོན་ཚའོ་ཝེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མག་མང་ཤང་དུ་ཁྱོན་དབུལ་པོའི་དུད་ཁྱིམ་སྒོ་གྲངས་6ཡོད། དེ་རིང་ཁོང་ཚོའི་ལས་འགན་གཙོ་བོ་ནི་དབུལ་པོའི་དུད་ཁྱིམ་དུ་བསྐྱོད་ནས་ཏང་གི་ཞིང་ཕན་སྲིད་ཇུས་ཁག་དབུལ་པོ་ཚོར་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་རྒྱུ་དེ་རེད་ཅེས་བཤད།
གསར་འགོད་པས་ལས་དོན་རུ་ཁག་དང་མཉམ་དུ་དབུལ་པོའི་དུད་ཁྱིམ་ཟླ་ཚེའི་ཁྱིམ་དུ་སླེབས། འདི་ལོ་ལོ་ན་67ལ་གསོན་པའི་ཟླ་ཚེ་ནི་གཟུགས་གཞིར་ནད་སྣ་ཚོགས་ཀྱིས་མནར་ཡོད་པ་དང་། ཁོ་པའི་བུ་མོ་དེའང་དབང་སྐྱོན་ཅན་དུ་སོང་བས་ངལ་རྩོལ་ནུས་ཤུགས་མེད་རྐྱེན་དབུལ་པོར་འགྱུར་པ་ཞིག་རེད། ཟླ་ཚེ་ཡིས་བརྗོད་དོན། ཤང་འཕྲོད་བསྟེན་ཁང་ནས་ཟླ་བ་མི་རེ་ངོ་རེར་ང་ལ་ནད་བཅོས་སྨན་སྐྱེལ་མཁན་ཡོད་པས་ད་ཆ་ནད་གཞི་ཅུང་དྲག་སྐྱེས་སུ་འགྲོ་བཞིན་འདུག ངས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་འཚོ་བའི་ཆུ་ཚད་ཡར་རྒྱས་འགྲོ་རྒྱུར་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
ཤང་འཕྲོད་བསྟེན་ཁང་གི་འགན་འཁུར་བློ་མཐུན་མཚམས་གཅོད་སྒྲོལ་དཀར་གྱིས་བརྗོད་དོན། ང་ཚོས་སྨན་བཅོས་ལས་སྒྲུབ་ཐུབ་མཁན་གྱི་ཆེད་མི་མངགས་ནས་དུས་བཀག་ནང་མང་ཚོགས་ཀྱི་ཁྱིམ་ལ་ཕྱིན་ཏེ་སྐོར་བསྐྱོད་སྨན་བཅོས་བྱེད་ཀྱི་ཡོད། ད་དུང་དེའི་ཞོར་དུ་མང་ཚོགས་ཚོར་བདེ་སྲུང་གི་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་ཡོད། ད་ཆ་ཤང་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་འཐུས་སྒོ་ཚང་ཞིང་སྨན་བཅོས་འགན་བཅོལ་ཡང་ཚང་མར་ཁྱབ་ཡོད་པས་ནད་གཞི་ཆུང་གྲས་ཤང་ནས་ཐོན་མི་དགོས་པར་འདི་གར་སྨན་བཅོས་ཐུབ་པའི་དམིགས་ཚད་བརྩོན་ལེན་ཧུར་ཐག་བྱེད་བཞིན་ཡོད་ཅེས་བཤད།
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་ནི་ ཏང་གི་ཚོགས་ཆེ་བཅུ་དགུའི་སྙན་ཞུའི་ནང་བཏོན་ཡོད་པ་རེད།
མག་མང་མི་རིགས་ཤང་སྤྱི་ཁྱབ་ཏང་ཀྲེ་པུའུ་ཧྲུའུ་ཅི་ཁྲུའུ་ཧྲའུ་ལོང་གིས་གསར་འགོད་པར་བརྗོད་དོན། ང་ཚོས་མག་མང་ཤང་མོན་པའི་སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ས་ཚིགས་འཛུགས་སྐྱོང་འདི་ཉིད་མྱང་མོ་གཙང་ཆུའི་འགྲམ་དུ་འོད་ཟེར་འཕྲོ་བའི་མུ་ཏིག་ལྟ་བུ་ཞིག་ཏུ་ཆགས་པ་བྱས་ཏེ་སྔོ་ལྗང་རི་དང་དྭངས་གཙང་ཆུ་ནི་གསེར་དང་དངུལ་ནས་ལྷག་པའི་འདུ་ཤེས་ལག་བསྟར་བརྒྱུད་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་བཏང་ཐོག་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྔར་བས་འབྱོར་ཕྱུག་གི་འཚོ་བ་སྐྱེལ་ཐུབ་རྒྱུའི་སེམས་ཤུགས་ཡོད་ཅེས་བཤད་དོ།