(པར་ངོས་དང་པོར་མཐུད་) འོན་ཀྱང་མཐའ་མཚམས་ལུང་ཁུག་དེ་མི་ཞིག་བརྒྱུད་ནས་ཕྱི་ཕྱོགས་ཀྱིས་རིམ་བཞིན་ཤེས་རྟོགས་ཐུབ་པ་རེད།
ཀུན་བཟང་བསྟན་འཛིན་ཐོག་མར་འཕྲད་སྐབས་ཀྱི་བག་ཆགས་ནི་ཐང་ཤ་དོད་ལ་ངོ་གདོང་ཅུང་ནག་ཙམ་ཡོད་པ་ཞིག་མཐོང་བྱུང་།ཤ་བཀྲའི་ནད་ཀྱིས་རྐྱེན་པས་ལག་པ་དང་མཆུ་ཏོའི་འགྲམ་དུ་རྨ་ཤུལ་ལུས་ཡོད་ཀྱང་ཁོང་གི་ལྷད་མེད་འཛུམ་མདངས་དེ་ལས་ཁོང་ནི་གཤིབ་བདེ་བའི་མི་ཞིག་ཡིན་པའི་ཚོར་སྣང་སྟེར་ཐུབ།
ཀུན་བཟང་བསྟན་འཛིན་ཆུང་དུས་ནས་ལ་རྒྱབ་ཤང་དུ་འཚར་ལོངས་བྱུང་བ་ཞིག་ཡིན་པས་སྦས་ཡུལ་ས་ཁུལ་ལ་རྒྱུས་མངའ་ཆེན་པོ་ཡོད།སྦས་ཡུལ་ས་ཁུལ་གྱི་ཆུ་ཚན་དང་།གཙང་པོ།རྒྱལ་ལ་ཕུག་འབྲོག་ར་སོགས་ལ་དེ་བས་རྒྱུས་མངའ་ཆེན་པོ་ཡོད།
ལོ་བཅོ་བརྒྱད་ལ་མ་སོན་གོང་།ཀུན་བཟང་བསྟན་འཛིན་ལ་རྒྱབ་ནས་ཁ་བྲལ་མྱོང་མེད། 1986ལོའི་ལོ་མཇུག་ཏུ་ལ་རྒྱབ་ཀྱི་སྨན་པ་རྐང་རྗེན་མ་ཡིན་པའི་ཁོང་ཐེངས་དང་པོ་ལ་རྒྱབ་ནས་ཐོན་ཏེ་ལྷོ་བྲག་རྫོང་གྲོང་དུ་སློབ་སྦྱོང་བྱེད་པར་སྐྱོད།ཕྱི་རོལ་གྱི་འཇིག་རྟེན་ནི་ངོ་མཚར་ཤིན་ཏུ་ཆེ་བས་རི་ཁུག་ནས་ཐོན་པའི་ཀུན་བཟང་བསྟན་འཛིན་དགའ་ཚོར་ཆེན་པོ་སྐྱེས། 1989ལོར་སློབ་སྦྱོང་མཇུག་འགྲིལ་རྗེས་སློབ་གྲྭ་ཐོན་ནས་ལས་བགོས་རྒྱག་ལ་ཉེ་བའི་སྐབས་ཀུན་བཟང་བསྟན་འཛིན་ལ་ཕྱི་རོལ་དུ་ལས་ཀ་བྱས་ཏེ་སྡོད་རྒྱུའི་བསམ་བློ་འཁོར།
ཕྱི་རོལ་དུ་སྡོད་འདོད་པ་དང་ཞིང་པའི་ཁྱིམ་ཚང་གི་བུ་ཕྲུག་ཞིག་རི་ཁུག་ནས་དོན་རྒྱུ་བསམ་བཞིན་ཀུན་བཟང་བསྟན་འཛིན་གྱིས་ཐ་ན་འབྱུང་འགྱུར་གྱི་འཚོ་བ་དང་ལས་ཀར་བསམ་བློ་གཏོང་འགོ་ཚུགས།
སྐབས་དེ་དུས་རྫོང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་དར་རྒྱས་ཀྱིས་ཆེད་མངགས་ཁོང་བཙལ་ནས་སློབ་གསོ་བརྒྱབ་པས་ཀུན་བཟང་བསྟན་འཛིན་གྱིས་གཞི་ནས་རང་ཉིད་ཀྱི་མི་ཚེའི་འགན་འཁྲི་རགས་ཙམ་ཤེས།
ཁྱོད་ནི་ལ་རྒྱབ་ཀྱི་ཕོ་ཁྱོ་ཁ་ཡིན་པས་མི་ཚེ་འདིའི་ལས་དབང་ལ་རྒྱབ་དང་དམ་པོར་སྦྲེལ་ཡོད་པ་མ་ཟད།ལ་རྒྱབ་ཀྱི་གནས་ཚུལ་ཁྱོད་ཀྱིས་གསལ་ཤོས་ཤེས་ལ།ལ་རྒྱབ་མི་དམངས་ལའང་ཁྱོད་མཁོ་ཆེ་བས་ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་མཐའ་སྲུང་སྲ་བརྟན་གྱི་ལས་འགན་ཁྱོད་ཀྱིས་མ་གཏོགས་ཁུར་མ་ཐུབ་པས་ཁྱོད་ལ་རྒྱབ་ཏུ་ལས་ཀ་བྱེད་པར་ལོག་ཤོགརྗེས་མར་ལ་རྒྱབ་ནས་ཁ་བྲལ་རྒྱུའི་བསམ་བློ་མ་གཏོང་ཞེས་བཤད་ནས་ཧྲུའུ་ཅི་བགྲེས་སོང་གིས་ཀུན་བཟང་བསྟན་འཛིན་ལ་བཀོད་སྒྲིག་གཞན་དག་བྱེད་རྩིས་ཡོད་པ་རེད།
སྐབས་དེ་དུས་ལ་རྒྱབ་ཤང་གི་གནས་ཚུལ་ལ་ཀུན་བཟང་བསྟན་འཛིན་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པ་སྟེ།ཕ་མེས་དང་ཕ་ཡུལ་གྱི་གྲོང་པ་ཁྱིམ་མཚེས་ཚོས་རྩྭ་ཐང་ལ་མུག་ཟོས་ཕོག་པར་དབུགས་རིང་ནར་ནར་འབྱིན་ལུགས་ཀུན་བཟང་བསྟན་འཛིན་གྱི་སེམས་ལའང་ཚོར་སྣང་ཟབ་པོ་སྐྱེས།ཧྲུའུ་ཅིའི་བཀའ་ལ་ཉན་ཏེ་ལ་རྒྱབ་གྱི་རྩྭ་རྩི་ཤིང་རྐང་གཅིག་ཀྱང་ངས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་སྒེར་གྱི་མདུན་ལམ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཀྱི་ལས་དབང་དམ་པོར་སྦྲེལ་ཡོད་ལ།རྒྱལ་ཁབ་ཀྱི་བདག་དབང་དང་ཡང་དམ་པོར་སྦྲེལ་ནས་ཡོད་པ་ཤེས་རྟོགས་བྱུང་སྟེ།ལོ་ན་ཉི་ཤུ་སོན་ཙམ་གྱི་ཀུན་བཟང་བསྟན་འཛིན་སེམས་ཤུགས་རབ་ཏུ་འཕེལ་བཞིན་ཕྱིར་ལས་ཀར་འགྲོ་བའི་བསམ་པ་ཐ་དག་དོར།
རི་གྲོང་ཕྱི་རོལ་གྱི་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་པའི་ཁོང་གི་སེམས་པ་རི་བོ་མཐོན་པོས་འགོག་མི་ཐུབ་ལ།ཁོང་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་ཡང་རི་བོ་མཐོན་པོས་འགོག་ཐུབ་མེད།ཉེན་ཁའི་དུས་སུ་ལས་འགན་དང་ལེན་ཞུས་ཏེ་སློབ་སྦྱོང་གྲུབ་རྗེས་ཕ་ཡུལ་དུ་ལོག་ནས་ལ་རྒྱབ་ལ་གཞིས་ཆགས་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ལ།ཚེ་འདིར་ལ་རྒྱབ་དང་ལས་འཕྲོ་ཡོད་ངེས་པས་བགྲང་བྱ་28གནས་འདིར་གཞིས་ཆགས་ལས་ལ་གཞོལ།
སྐབས་རེ་ང་རང་འགྲོ་འདོད་པའི་སེམས་པ་དྲག་པོ་སྐྱེ་ཡི་འདུག་མོད།འོན་ཀྱང་ངས་ཕ་ཡུལ་གྱི་མི་དམངས་རྣམས་འཇོག་ག་ལ་ཕོད་ཅེས་བགྲང་བྱ་28རིང་ལས་ཀ་བསྒྱུར་རྒྱུའི་གོ་སྐབས་ཐེངས་མང་ཐོབ་པའི་ཀུན་བཟང་བསྟན་འཛིན་གྱིས་ཐེངས་གཅིག་ཀྱང་ཁས་བླངས་མེད་ལ།ཕ་ཡུལ་གྱི་མི་དམངས་སྐོར་གླེང་རིམ་བཞིན་ཁོང་གི་ངོ་ལས་བྲལ་མི་ཕོད་པའི་རྣམ་འགྱུར་ཞིག་མངོན་ཡོང་།ལ་རྒྱབ་ཏུ་ལོག་ནས་ས་སྲུང་དམངས་ཕྱུག་བྱེད་པའི་ཐོག་མའི་བསམ་འདུན་གྱིས་ཀུན་བཟང་བསྟན་འཛིན་གྱི་མི་ཚེར་འདེགས་སྐྱོར་བྱས་པ་དང་།མང་ཚོགས་ཀྱི་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་མིག་ཟུང་གིས་ཀུན་བཟང་བསྟན་འཛིན་མུ་མཐུད་མདུན་སྐྱོད་བྱེད་པར་ལྕག་སྐུལ་བྱས།
ད་ཆ་སྦས་ཡུལ་ས་ཁུལ་གྱི་རྒྱལ་ལ་ཕུག་གྲོང་ཚོར་འཚོ་བ་སྐྱེལ་བཞིན་པའི་བསོད་ནམས་ཆོས་འཕེལ་གྱིས་ཀུན་བཟང་བསྟན་འཛིན་གྱི་སྐོར་གླེང་སྐབས་སེམས་འགུལ་ཚད་མེད་བྱེད་ཀྱང་ཀུན་བཟང་བསྟན་འཛིན་གྱིས་རྒྱལ་ལ་ཕུག་གྲོང་ཚོའི་གྲོང་མི་ཚོར་ཕན་པའི་བྱ་བ་གང་ཡང་སྒྲུབ་ཐུབ་མ་སོང་ཞེས་གནོང་འགྱོད་ཆེན་པོ་བྱེད།
འགྲིམ་འགྲུལ་འགག་པའི་རྐྱེན་གྱིས་ལ་རྒྱབ་ཤང་སྲིད་གཞུང་གནས་སའི་སྦས་ཡུལ་ས་ཁུལ་དུ་རི་ཆེན་གཉིས་བརྒལ་དགོས་པ་དང་།ཞེང་ཚད་སུམ་ཅུ་བཞི་བཅུ་ཡོད་པའི་དོག་ལམ་ཐོག་རྐང་ཐང་མར་ཆུ་ཚོད་བདུན་བརྒྱད་ཙམ་སྐྱོད་ཚེ་གཞི་ནས་སླེབས་ཀྱི་ཡོད།ཟླ་བདུན་བརྒྱད་ཙམ་གངས་ཀྱིས་རི་འགག་ནས་བསྐྱོད་ཐབས་མེད།
ང་ཚོའི་རྩྭ་ཐང་དང་ནགས་ཚལ་ལ་དོ་དམ་བྱེད་དགོས་པ་དང་དེའི་ནང་གི་རྡོ་ཡང་ང་ཚོས་སྲུང་སྐྱོང་བྱེད་ཀྱི་ཡོད་ཤང་དེའི་ལས་བྱེད་པ་ཡིན་པའི་ཀུན་བཟང་བསྟན་འཛིན་གྱིས་སྦས་ཡུལ་ས་ཁུལ་ལ་དམིགས་བསལ་གྱི་བརྩེ་དུང་དེ་ལྟ་བུ་བཅངས་ཡོད་ལ་ས་ཆ་དེའི་རྩི་ཤིང་དང་རི་ཀླུང་ཚང་མ་ནི་ལ་རྒྱབ་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡིན་ལ་མེས་རྒྱལ་གྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཀྱང་རེད།
ས་མཐོའི་འབྲོག་རའི་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་དབྱར་དུས་སུ་ཕྱུགས་འཚོ་རྒྱུ་ནི་མང་ཚོགས་ཀྱི་སྲོལ་རྒྱུན་གོམས་གཤིས་རེད།འོན་ཀྱང་ལོ་གཅིག་དུས་བཞི་ཚང་མར་དེ་གར་སྡོད་དགོས་པས་མི་སུ་ཞིག་གཏོང་དགོས་མིན་དེ་ཁོང་གི་སེམས་ནད་ཅིག་ཏུ་འགྱུར།
ཁྱེད་ཚོ་ནི་ངའི་གཉེན་ཉེ་ཡིན་པས་ངའི་ལས་དོན་ལ་རྒྱབ་སྐྱོར་མ་བྱས་ན་ཡུལ་མི་གཞན་ཚོར་ཇི་ལྟར་བྱས་ནས་སྣེ་ཁྲིད་བྱེད་དགོས་སམ་ཞེས་ཀུན་བཟང་བསྟན་འཛིན་གྱིས་ཞང་ཞང་རྒན་པ་བསོད་ནམས་ཆོས་འཕེལ་དང་ཞང་ཞང་འབྲིང་བ་མིང་འགྱུར་བཀྲ་ཤིས་དང་གཅེན་གཅུང་བཙལ་ནས་རྒྱལ་ལ་ཕུག་ཕྱུགས་རར་སྐྱོད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད།
ལོ་རྒྱུས་ཤོད་པ་དང་།བརྩེ་སེམས་གླེང་བ།ཏང་གི་བཀའ་དྲིན་ཤོད་པ་བཅས་ཀུན་བཟང་བསྟན་འཛིན་གྱིས་ཁ་ཏ་བསླབ་བྱ་ཡུན་རིང་བྱས་མཐར་ཞང་པོ་གཉིས་ཀྱིས་འབྲོག་རར་སྐྱོད་རྒྱུའི་ཁས་བླངས།
རྒྱལ་ལ་ཕུག་འབྲོག་རར་ཆུ་དང་།གློགསྡོད་ཁང་བཅས་མེད་པ་མ་ཟད།རྒྱུན་དུ་བཞའ་ཚན་ཆེ་བ་དང་མཐོ་གྲང་དང་གསོ་རླུང་དཀོན་པོ་ཡོད།རྒྱུན་དུ་གངས་ཀྱིས་རི་བཀག་པར་བརྟེན་རྒྱལ་ལ་ཕུག་འབྲོག་རར་སྐྱོད་ཐུབ་ཀྱི་མེད།
མཐའ་མཚམས་བརྟན་སྲུང་བྱ་ཆེད་ཀུན་བཟང་བསྟན་འཛིན་གྱིས་རང་ཉིད་ཀྱི་སྤུན་མཆེད་འབྲོག་ར་སྲུང་བར་བཏང་ཡོད།ཆ་རྐྱེན་དང་ཐོབ་ཆར་མི་བལྟོས་པ་དང་།འཁང་ར་མི་བྱེད་པ།སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ།བབ་ཆགས་ཀྱི་རྒྱལ་གཅེས་བརྩེ་སེམས་བཅས་ནི་དད་སེམས་བརྟན་པོ་ཞིག་དང་ལྷག་བསམ་གྱི་དགའ་ཞེན་ཞིག་ཀྱང་རེད།
གྲུམ་ནད་དང་གངས་ཕྱིད་ནད་ཀྱིས་ད་བར་ལོ་76ལ་སླེབས་པའི་བསོད་ནམས་ཆོས་འཕེལ་དང་ལོ་59ལ་སླེབས་པའི་མིང་འགྱུར་བཀྲ་ཤིས་ལ་དཀའ་ངལ་འཕྲད་བཞིན་ཡོད།གངས་ཀྱིས་ལམ་འགག་པའི་སྐབས་སུ་ཀུན་བཟང་བསྟན་འཛིན་རྒྱལ་ལ་ཕུག་གྲོང་ཚོར་ཟླ་རེར་ཐེངས་གསུམ་ལས་བསྐྱོད་ཐུབ་ཀྱི་མེད་པ་དང་མང་བའི་སྐབས་སུ་ཐེངས་དྲུག་ཙམ་ལས་བསྐྱོད་ཐུབ་ཀྱི་མེད།
ལོ་28རིང་ཀུན་བཟང་བསྟན་འཛིན་དང་རྒྱལ་ལ་ཕུག་གྲོང་ཚོའི་མང་ཚོགས་ཚོས་རང་ཉིད་ཀྱི་ལྷག་བསམ་དང་འགན་འཁུར་གྱི་ཐོག་ནས་དེང་སྐབས་ཀྱི་དཔའ་བོའི་བསྟོད་གླུ་རེ་རེ་བཞིན་བརྩམས་ཡོད།
རྒྱལ་ལ་ཕུག་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་ཆེད་ད་ཆ་འགྲོ་ལམ་དང་འཕྲིན་གཏོང་ས་ཚིགས་བསྐྲུན་པ་དང་འདི་ལོ་རྒྱལ་ལ་ཕུག་སྲིད་འཛིན་གྲོང་ཚོས་གྲོང་ཚོ་ཨུ་ལྷན་གཉིས་བཙུགས་པར་བརྟེན་ང་དང་གཉེན་ཉེ་ཚོས་མེས་རྒྱལ་གྱི་མཐའ་མཚམས་སྲུང་བའི་ཆོས་སེམས་བརྟན་དུ་ཕྱིན་སོང་ཞེས་ཀུན་བཟང་བསྟན་འཛིན་གྱིས་སྤོབས་པ་དང་བཅས་བརྗོད་བྱུང་།
མུ་ཏིག་སྟར་ལ་བརྒྱུད་འདྲའི་བ་གམ་གྱི་ཐོག་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་།དེ་ནི་རྒྱལ་ལ་ཕུག་འབྲོག་ར་ཡིན་ལ་ད་ཆའི་རྒྱལ་ལ་ཕུག་གྲོང་ཚོ་ཡིན་ཞིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4331ཡོད་ལ་དུད་ཚང་བརྒྱད་དང་མི་གྲངས་16ཡོད་པ་རེད།