---ཆུ་གསུམ་རྫོང་གིས་འོད་ནུས་ཐོན་ལས་ཀྱིས་མདུན་ལམ་བཤངས། བདེ་སྡོད་དམངས་ཕྱུག་གི་ལེའུ་གསར་པ་བརྩམས།
ལྷོ་ཁ་ས་སྒྱུར་གྲོང་འཛུགས་བྱས་ནས་ལོ་བཅུ་སོང་རིང་། ཆུ་གསུམ་རྫོང་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་ནས་དྭངས་གཙང་ནུས་རྒྱུ་སྒུལ་ཤུགས་ཆེ་ཤོས་སུ་བྱས་ཐོག་ཐོན་ལས་ཕྱོགས་སྒྱུར་དང་། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་བཅས་ཐད་མཉམ་ཤུགས་མཉམ་འདོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད་པ་རེད།
ལོ་ངོ་བཅུའི་རིང་། ཆུ་གསུམ་རྫོང་གི་ཐོན་ལས་ཕྱོགས་སྒྱུར་གོམ་སྟབས་མགྱོགས་སུ་ཕྱིན་ནས་ནུས་རྒྱུ་གཙང་མས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་ཡོད། ཧྭ་ཏན་ནོར་བུ་སའི་དུས་ཐེངས་དང་པོའི་200MWའོད་ཤུགས་རྣམ་གྲངས་དེ་མཚོན་རྟགས་རང་བཞིན་གྱི་ལས་གྲྭར་གྱུར་ཡོད།
ལོ་བཅུའི་རིང་། ཆུ་གསུམ་རྫོང་གིས་རང་ངོས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་རྒྱུན་མཐུད་ངང་མགྱོགས་སུ་བཏང་བ་དང་། དེང་རབས་ཀྱི་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། རྫོང་ཁོངས་དཔལ་འབྱོར་ཡང་དེ་སྔའི“གཏེར་གཅིག་རང་ཆེ”ཡི་ཐོན་ལས་རྐྱང་པའི་རྣམ་པ་ནས་རིམ་བཞིན་སྣ་མང་མཐུན་སྦྱོར་དང་གནས་མང་འདེགས་སྐྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྐྱོད་ཡོད།
བོད་ལྗོངས་གཏེར་ལས་དེ་རྒྱལ་ཁབ་ཀྱི་ལྗང་མདོག་གཏེར་རིའི་མིང་གཞུང་ནང་ཚུད་དེ་ལས་རིགས་ཀྱི་དཔེ་སྟོན་ཚད་ཤིང་དུ་གྱུར་ཡོད།
ལྷ་རྒྱ་རིའི་ལོ་རྒྱུས་རིག་གནས་སྔོག་འདོན་དང་རྒྱུན་འཛིན་མཐར་ཕྱིན་པ་བྱས་ཏེ་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་བ་དང་། ལྷ་རྒྱ་རིའི་ཕོ་བྲང་གི་མཛེས་ལྗོངས་ཁུལ་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེ་བ། རིག་གནས་ཡུལ་སྐོར་ཐོན་ལས་གླིང་དང་གནའ་གྲོང་འགྲེམས་ཁང་སྔ་རྗེས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ། སེའུ་ཆུ་ཚན་དང་ཆུ་མདོ་རྒྱང་རྩྭ་ཐང་སོགས་ཁྱད་ལྡན་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་བཏང་བ།“གཙང་ལྷོའི་གྲབ་སྨད་སའི”ཞིང་ལས་ཡུལ་སྐོར་རྣམ་གྲངས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་པ་དང་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་སྔར་བས་ཡངས་སུ་ཕྱིན་ཡོད། ལོ་བཅུའི་རིང་རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་68ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་4000ལྷག་ཙམ་ཟིན་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་དེ་བས་རྒྱ་ཆེར་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་དམངས་འཚོའི་གཙོ་གནད་ལས་དོན་ལ་བརྩིས་ནས་མང་ཚོགས་ཁག་གཅིག་གི་སྡོད་གནས་ཁ་ཐོར་དང་། རྨང་གཞིའི་སྒྲིག་བཀོད་ཞན་པ། རང་བྱུང་ཆ་རྐྱེན་ཞན་པ་སོགས་ཀྱི་དོན་དངོས་ལ་དམིགས་ཏེ་གཅིག་སྡུད་བཀོད་སྒྲིག་འོས་ཤིང་འཚམ་པོ་དང་གྲོང་ཚོ་ཧྲིལ་པོ་གནས་སྤོའི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་གསུམ་གྲོང་རྡལ་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་8900ལྷག་ཙམ་བཏང་བ་དང་། སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་1979.56ཟིན་པ། སྡོད་ཁང་སྟར་པ་36དང་སྡོད་ཁང་གསར་པ་150བསྐྲུན་པ། གྲོང་ཚོའི་ནང་གི་འགྲོ་ལམ་དང་། གྱང་། ཉི་ནུས་ལམ་སྒྲོན། རྡོ་གཅལ་ལས་གྲྭ། འཐུང་ཆུ་མཁོ་སྤྲོད་དམ་བཙོག་ཆུ་གཙང་སེལ། གློག་ཤུགས་མཐུད་སྦྲེལ། དྲ་ཐོག་ཆ་འཕྲིན་ལས་གྲྭ་སོགས་ཞོར་གཏོགས་ལས་གྲྭ་དུས་གཅིག་ཏུ་བསྐྲུན་པ། ཆུ་གསུམ་གྲོང་རྡལ་དང་། ཆུ་མདོ་རྒྱང་ཤང་། ཤག་བྱང་ཤང་། སྟོད་གཟིགས་ཤང་སོགས་ཤང་ངམ་གྲོང་རྡལ་4དང་ཐག་རིང་ལུང་ཁུག་གི་རང་བྱུང་གྲོང་ཚོ་10ཡི་དུད་ཚང་150དང་མང་ཚོགས་571ཉེན་གཡོལ་གནས་སྤོ་བྱས་ཡོད་པ་རེད།
ལོ་བཅུ་པོ་དེའི་རིང་། ཆུ་གསུམ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་སྤྱི་འདོམས་བྱས་ནས་ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་མཐོ་རུ་བཏང་ཡོད། འགྲིམ་འགྲུལ་གཞུང་ལམ་དྲ་བ་ཕྱི་ནང་ཀུན་སྦྲེལ་ཀུན་མཐུད་བྱུང་བ་དང་། རྫོང་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ། ཆུ་བེད་འཛུགས་སྐྲུན་བྱས་ནས་དམངས་འཚོར་ཕན་འདོགས་པ་དང་། གྲོང་གསེབ་ཀྱི་རང་འབབ་ཆུ་ཀ་ལ་ཁྱབ་གདལ་གཏོང་བ། ཆུ་མཁོ་འདོན་འགན་ལེན་བྱེད་པ། ཆུའི་སྤུས་ཚད་ལོན་པ་བཅས་ཀྱི་དམིགས་ཚད་ཁག་གསུམ་ཚང་མ་100%མངོན་འགྱུར་བྱུང་བ། དེ་དང་ཆབས་ཅིག་རྫོང་གྲོང་གི་རྣམ་པ་དང་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་གཞུང་ལམ་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། སྐྱེ་ཁམས་སྤྱི་གླིང་གཏོད་པ། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ། རྫོང་དང་ཤང་དུ་དྲོད་རླངས་མཁོ་འདོན་དང་གསོ་རླུང་ཁྱོན་ཡོངས་ལ་ཁྱབ་པ། འགན་ལེན་རང་བཞིན་གྱི་སྡོད་ཁང་རྒྱུན་མཐུད་ངང་དོན་འཁྱོལ་བྱེད་པ་བཅས་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
ལོ་བཅུ་པོ་དེའི་རིང་། ཆུ་གསུམ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་འཛུགས་སྐྱོང་དང་གྲོང་གསེབ་འཛུགས་སྐྲུན་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུར་སྐུལ་འདེད་བཏང་བས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ལ་བདམས་ཡོད།
ལྷོ་ཁ་ས་སྒྱུར་གྲོང་འཛུགས་བྱས་ནས་ལོ་བཅུ་སོང་རིང་། ཆུ་གསུམ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ནོར་སྲིད་ཡོང་འབབ་བརྟན་ཐོག་ཡར་འཕེལ་བྱུང་བ། ཁྲལ་བསྡུའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། དཔལ་འབྱོར་སྤྱི་འབོར་མཆོང་སྐྱོད་ལྟ་བུའི་འཕར་བ་དང་ས་ཁུལ་གྱི་ཐོན་ཐང་བསྡོམས་འབོར་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་སྒོར་དུང་ཕྱུར་8.9ནས“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་གི་སྒོར་དུང་ཕྱུར་16.62བར་འཕར་ཏེ་སྔ་རྗེས་སུ་སྒོར་དུང་ཕྱུར་10དང་སྒོར་དུང་ཕྱུར་15ཡི་འགག་སྒོ་ཆེན་པོ་ལས་སྒྲོལ་བ་མ་ཟད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་ཐང་བསྡོམས་འབོར་སྒོར་ཁྲི་13ཙམ་ཟིན་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལོར་ཆ་སྙོམས་16.8%འཕར་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་ཕྱིན་པ་དང་། རྗེས་ཡོངས་འཕེལ་རྒྱས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།
བགྲང་བྱ་བཅུ་ཡི་འབད་འབུངས་མདུན་སྐྱོད་ལས། འཕོ་འགྱུར་ཆེན་པོ་བསམ་པའི་ཡུལ་ལས་འདས། ལྷོ་ཁ་ས་སྒྱུར་གྲོང་འཛུགས་བྱས་རྗེས་ཀྱི་ལོ་བཅུ་པོ་དེ་ནི་ཆུ་གསུམ་རྫོང་གི་ཐོན་ལས་ཕྱོགས་སྒྱུར་ལ་བར་བརྒལ་དང་། སྐྱེ་ཁམས་རྒྱུན་མཐུད་ལེགས་ཕྱོགས་ཀྱི་ལོ་བཅུ་ཡིན་ལ། དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་པའི་ལོ་བཅུ་ཡང་རེད། གོམ་སྟབས་རྗེས་མར་ཆུ་གསུམ་རྫོང་གིས་ཐོན་ཁུངས་ཀྱི་དགེ་མཚན་ལ་དམིགས་ཏེ་དྭངས་གཙང་ནུས་རྒྱུར་གཞི་ཚུགས་པ་དང་། དམངས་འཚོ་ལེགས་གཏོང་ལ་དམ་འཛིན་ཏན་ཏིག་བྱེད་པ། སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་བྱས་ཐོག ལྷོ་ཁའི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་ཆུ་གསུམ་གྱི་སྤུས་མཐོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་ཡིན་པ་རེད།།
བསོད་ནམས་བསྟན་པས་བསྒྱུར། བསོད་བདེ་ལོས་ཞུས།
གསར་འགོད་པ་ཚེ་བརྟན་སྒྲོལ་དཀར་དང་ཝུའེ་ཅེ། ཚེ་བརྟན་སྒྲོལ་མ་བཅས་ཀྱིས་པར་མཁོ་འདོན་བྱས། པར་ངོས་ཇུས་འགོད། བདེ་སྐྱིད་དཔལ་སྒྲོལ།