སྤྱི་ཟླ་ལྔ་པར། ཡར་ཀླུང་གཙང་པོའི་ངོགས་གཡས་གཡོན་དུ་བསྐྱོད་ཙ་ན། རྩྭ་རྩི་ཤིང་སྔོ་ལྷོག་ཅིང་དབྱར་སྒེག་མོའི་བསིལ་རླུང་ལྡང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་མངའ་ཁོངས་སུ་གནས་ཤིང་། ས་བབ་མཐོ་ཚད་མཚོ་རྩིས་སྨི་4700ཟིན་པའི་ཧྭ་ཏན་བོད་ལྗོངས་ནོར་བུ་ས་འོད་གློག་རྣམ་གྲངས་ནི་དོག་མོ་ས་ལ་གཡུ་མདོག་རྒྱ་མཚོ་བསྐྱིལ་བ་དང་འདྲ་སྟེ། ས་མཐོའི་དགུང་ཉི་མོའི་འོད་ཟེར་འོག བཀྲག་མདངས་ཆེས་ཆེར་རྒྱས་པ་དང་། ཕར་བལྟས་ཚེ། བཟོ་ལས་དང་རང་བྱུང་ཁམས་མཐུན་སྦྱོར་ལས་གྲུབ་པའི་འདུ་འགོད་དཔེ་རིས་རླབས་ཆེ་བ་ཞིག་མིག་ལམ་ལ་རང་ཤུགས་སུ་འཆར། དེ་ནི། ལྷོ་ཁའི་ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྡེབ་མཉམ་སྐུལ་ལ་མངོན་གསལ་དུ་བཏབ་པའི་མཆན་འགྲེལ་ལྟ་བུ་འདི་རེད་ཅེས་བརྗོད་ཆོག
རྣམ་གྲངས་འཛུགས་སྐྲུན་ནང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པའི་འདུ་ཤེས་ལེགས་པར་བསྐྱངས་ཤིང་། ལས་འགོ་འཛུགས་དུས། ཨར་སྐྲུན་ཕྱོགས་ཀྱིས་ས་དཔྱད་རྣམ་པ་མི་འགྱུར་བ་དང་སྤང་གཟན་ལ་སྐྱོན་མི་ཤོར་བ་བྱས་ཡོད། སྤྱི་ཟླ་ལྔ་པའི་བར། འོད་གློག་ཤེལ་པང་གསེང་གསེང་ཡོད་རྒུར་རྩྭ་རྩི་ཤིང་གི་སྔོ་ལྷོག་ཅིང་། གནག་ཕྱུགས་ཀྱང་དེ་ཁུལ་དུ་རང་དགར་རྒྱུག་ནས་སྤང་རྩྭར་ལོངས་སྤྱོད་ཐུབ། དེས་ན། གངས་ལྗོངས་ས་མཐོའི་འབྲོག་ལས་དང་དེང་རབས་འོད་གློག་ལས་གཞི་མཐུན་འབྲེལ་གྱི་མཚོན་རིས་ཐུན་མིན་ཞིག་མངོན་པ་སྟེ། སྟེང་གི་ཤེལ་པང་འོད་གློག་གསོག་པར་བྲེལ། འོག་གི་སྐྱེ་ཁམས་གཞི་རྟེན་སྤང་རྩྭ་ལེགས་སོ། །
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཀྲེན་ཀྲང་བཀྲ་ཤིས་ཀྱིས། རྣམ་གྲངས་འགོ་མ་ཚུགས་གོང་། ང་ཚོས་ཨར་སྐྲུན་ཚན་པ་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཁ་གསལ་དུ་བཏང་ནས་ཨར་སྐྲུན་ནང་རྩྭ་ཐང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་པ་ཡིན། གོམ་སྟབས་རྗེས་མར། ནོར་བུ་ས་གྲོང་རྡལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོ་བཞག་སྟེ། ནུས་རྒྱུ་གཙང་མའི་འོད་གློག་གཏོང་སྤྲོད་ལ་སྐུལ་སྤེལ་བརྒྱུད། མང་ཚོགས་ཚོས་རི་སྔོ་ཆུ་དྭངས་ཀྱི་འཕེལ་རྒྱས་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།
ནོར་བུ་ས་འོད་གློག་གི་དོ་ཟླར་འོས་པ་ཞིག་ནི། ཧྭ་ནེང་སྐྱ་བ་འོད་གློག་གསོག་ཚིགས་ཡིན་ཞིང་། དེས་ཀྱང་སྐྱེ་ཁམས་སྲུང་སྐྱོང་ཆེད་འབྱུང་འཕྲོད་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད། དེའང་། འདི་ཉིད་བོད་ལྗོངས་སུ་བསྐྲུན་ཚར་བའི་འོད་གློག་གསོག་ཚིགས་ཆེ་ཤོས་ཤིག་ཡིན་པའི་ངོས་ནས། གློག་གཤོངས་ཚད་ཀྲའོ་ཝ་250ཡོད་ཅིང་། གློག་ཤུགས་ཀྲའོ་ཝ་50ལ་གློག་ཤུགས་ཆུ་ཚོད་ཀྲའོ་ཝ་200གཏོང་ཐུབ་པའི་ལེ་ལག་སྒྲིག་སྦྱོར་བྱས་པ་དང་། ལོར་གློག་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར་3.7ཙམ་ཟིན་གྱི་ཡོད་པས། ལོ་རེར་རྡོ་སོལ་ཀྲོན་ཁྲི་11དང་དབྱང་གཉིས་ཐཱན་རྫས་ཀྲོན་ཁྲི་30བརྒལ་བ་གྲོན་ཆུང་ཐུབ་ཡོད། ས་བབ་མཐོ་ཚད་མཚོ་རྩིས་སྨི་4500ཟིན་པའི་རྣམ་གྲངས་བསྐྲུན་ཡུལ་དུ་འབྱོར་ཚེ། འོད་གློག་ཤེལ་པང་རི་ལ་རི་རྒྱུད་རིམ་པས་འགྲེམས་ནས་སྒྲིག་སྦྱོར་བྱས་ཡོད་པས། གཡའ་དག་པའི་ནམ་མཁའ་དང་སྤྲིན་དཀར་ཚོམ་བུ། དེ་བཞིན་མཐོ་གངས་རི་དང་དམའ་སྤང་ལྗོངས་བཅས་དང་གཞི་གཅིག་ལ་ཐིམས་པར་མངོན། རྣམ་གྲངས་ཀྱི་བརྒྱུད་རིམ་ཡོངས་སུ་སྐྱེ་ཁམས་སྲུང་སྐྱོང་གི་རྩ་གནད་ལ་དམིགས་ཏེ། སྒྲོམ་གཞིའི་མཐོ་ཚད་དང་ཤེལ་པང་གི་བར་ཐག་ཇུས་འགོད་ཚན་རིག་དང་མཐུན་པ་བྱས་ཡོད་པ་མ་ཟད། གློག་ཤུགས་གཏོང་ནུས་དང་སྤང་རྩྭ་སྐྱེ་འཚར། དེ་བཞིན་གནག་ཕྱུགས་དང་ར་ལུག་འཚོ་བ་བཅས་ཀྱི་བར་ཁྱམས་ལའང་དོ་ཁུར་གཅིག་ལྕོགས་བྱས་ཡོད། ད་དུང་འཛུགས་སྐྲུན་ཞོར་ལ། སྤང་ཐང་མཐའ་ས་བཅོས་སྒྲིག་བྱས་ནས་རྩྭ་སོན་བཏབ་པར་སྐྱེ་ཁམས་སླར་གསོའི་ལས་འགན་ཡང་ལེགས་གྲུབ་བྱུང་བས། འབྲོག་ལས་དང་གློག་ནུས་གཉིས་ཀ་མི་འཕྱུག་པ་དར་རྒྱས་གཏོང་བའི་གཅིག་གོ་གཉིས་ཆོད་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད།
ཧྭ་ནེང་སྐྱ་བ་འོད་གློག་གསོག་ཚིགས་ཀྱི་ཆེད་འགན་འཁུར་མཁན་ཀྲང་གཡུས་ཆིན་གྱིས། འོད་གློག་ཤེལ་སྒྲོམ་གནས་ཁུལ་དུ་ལྕགས་ཁྲ་བཏང་མེད་པས། གནག་ཕྱུག་དང་ར་ལུག་མཐའ་དག་རང་དགར་འཚོ་ཆོག རྗེས་སོར་ད་དུང་ཁོར་ཡུག་སྲུང་སྐྱོང་གི་དུས་མཉམ་གསུམ་དགོས་པའི་རེ་འདུན་དོན་འཁྱོལ་བྱས་ཐོག སྤང་རྩྭ་སྔོ་འགྱུར་ཅན་དུ་བཏང་སྟེ། རྣམ་གྲངས་སྤེལ་ཁུལ་གྱི་མང་ཚོགས་ཚོའི་འབབ་འཕར་ལ་རམ་འདེགས་བྱས་ནས། བོད་ལྗོངས་ཀྱི་ནུས་རྒྱུ་གསར་པའི་འཕེལ་རྒྱས་ཆེད་ཀྲུང་དབྱང་ཁེ་ལས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ངོ་སྤྲོད་དང་སྦྲགས་བརྗོད།
ཡུག་གཅིག་སྔོ་ལྷོག་རྩྭ་ཐང་ཟེར་བ་མིན། །ཀུན་ལ་སྤང་རྩྭས་བརྒྱན་ན་རྩྭ་ཐང་ཟེར། །ཧྭ་ཏན་དང་ཧྭ་ནེང་གི་འོད་གློག་རྣམ་གྲངས་ལག་ལེན་ནང་འབྲོག་ལས་ཐོན་སྐྱེད་ལ་ཁ་གསབ་རམ་འདེགས་ཐུབ་པ་ལས། ལྷོ་ཁ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བའི་ལག་ལེན་མངོན་སུམ་དེ་མཐོང་ཐུབ། ལོ་ལྔ་ཚན་བཅུ་བཞི་པ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཐོག རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མྱུར་བསྐྲུན་བྱེད་པའི་མཛུབ་སྟོན་གལ་ཆེན་དང་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་རྟེན་གཞི་གཅིག་དང་དཔེ་མཚོན་གཉིས་ལ་འབོད་པའི་འཐབ་ཇུས་བཀོད་སྒྲིག་ལ་དམ་ཟབ་དམིགས་ཏེ། ཆུ་དང་། རླུང་། ཉི་འོད་བཅས་ཀྱི་ཐོན་ཁུངས་དགེ་མཚན་ལ་གཞི་རྐང་ཚུགས་པ་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་གོང་འཕེལ་ཆེད་རྩེ་རིམ་ནས་འདེགས་སྐྱོར་བརྟན་པོ་ཞིག་བྱས་ཡོད་པ་རེད།
2025ལོའི་ལོ་མཇུག་བར། ལྷོ་ཁར་ནུས་རྒྱུ་གཙང་མའི་གློག་ཤུགས་གཤོངས་ཚད་ཆན་ཝ་ཁྲི་592ཟིན་ཞིང་། ལོ་ལྔ་ཚན་བཅུ་བཞི་པའི་ལོ་འགོ་དང་བསྡུར་ན་འཕར་ཚད་ལྡབ་2.7ཟིན་པ་དང་། ལོར་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་75.02འཕར་ཞིང་། འཕར་ཚད་ལྡབ་1.4ཟིན་པ། ནུས་རྒྱུའི་ལས་རིགས་སུ་མ་འཇོག་སྒོར་དུང་ཕྱུར་50.56ཟིན་ཞིང་འཕར་ཚད་བརྒྱ་ཆ་100ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུའི་རང་ཁ་གསོ་ཚད་དང་། ནུས་རྒྱུ་གཙང་མ་གཤོངས་ཚད། གློག་རྒྱུན་མི་ཆད་པ་བཅས་ཚང་མ་བརྒྱ་ཆ་100ཡི་བར་བརྟན་འཁྱོངས་བྱུང་སྟེ། ཁྱབ་ཁོངས་ཡོངས་སུ་ཉིན་འཁྱོངས་མཚན་འཁྱོངས་བར་ནུས་རྒྱུ་གཙང་མའི་གློག་མཁོ་འདོན་ཐུབ་མོད། ཡར་ཀླུང་ས་གཞི་ཆེ་མོའི་གནམ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་ཤིང་གཙང་བ། མཁའ་རླུང་དེ་བས་སྦགས་བཙོག་དང་བྲལ་བ་བཅས་ལ་ཕྱོགས། གྲ་ནང་ནོར་སྟོད་འོད་གློག་ཀྲའོ་ཝ་50ཡི་བྱེ་བཅོས་དཔེ་མཚོན་ལས་གཞིས་མཚོན། ལྷོ་ཁས་ཤེལ་པང་སྟེང་ནས་གློག་འདོན་དང་ཤེལ་པང་འོག་ནས་བྱེ་བཅོས་ཀྱི་དཔེ་གཞི་གསར་སྤེལ་བྱས་ཤིང་། བྱེ་ས་མུའུ་1100སྟེང་ནས་འོད་གློག་ཕན་ནུས་འདོན་སྤེལ་བྱས་པ་དང་སྦྲགས། བྱེ་ས་མུའུ་1073ཙམ་དུས་མཉམ་བཅོས་སྒྲིག་བྱས་པས། ས་མཐོའི་འབྱུང་འཕྲོད་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་ཐུབ་ཡོད།
གྲོང་ཁྱེར་ནུས་རྒྱུ་ཅུད་ཀྱི་ཏང་ཙུའུ་ཁོངས་མི། ཅུད་ཀྲང་གཞོན་པ་བསྟན་འཛིན་དབང་ཕྱུག་གིས། གོམ་སྟབས་རྗེས་མར། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ནུས་རྒྱུ་གཙང་མ་གསར་སྤེལ་རྒྱུན་མཐུད་བྱས་ཐོག ཆུ་གློག་འོད་གསུམ་གཞིག་གཅིག་ལ་འཐུས་པའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན། དུས་མཚུངས་སུ་འོད་གློག་བྱེ་བཅོས་དང་འོད་གློག་འབྲོག་དར་གྱི་གསབ་འཐུས་དཔེ་གཞི་ཁྱབ་གདལ་སྒོས། སྐྱེ་ཁམས་དང་ནུས་རྒྱུ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་ཟབ་ཏུ་བཏང་ནས། གློག་ཤུགས་མ་ལག་དཔེ་གསར་འཐུས་ཚང་འཛུགས་སྐྱོང་བྱས་ཏེ། གློག་དྲ་དང་ནུས་གསོག་ལེ་ལག་སྒྲིག་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ས་མཐོའི་འབྱུང་འཕྲོད་སྒུལ་ནུས་བསྔོག་འདོན་ཡག་པོ་བྱས་ནས། དེང་རབས་ཅན་གྱི་ལྷོ་ཁ་འཛུགས་སྐྲུན་ལ་ནུས་སྐྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གླེང་ངོ་། །
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བདེ་ལོ་ཡིས་ཞུས།