ཁྱད་ལྡན་ནས་ནག་འདེབས་ལས་ལག་རྩལ་གསར་པ་ཁྱབ་གདལ་བཏང་ནས་
ཐོན་ལས་གོང་འཕེལ་དང་མང་ཚོགས་ཕྱུག་འགྱུར་ལ་མཐུན་རྐྱེན་སྦྱར་བ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཟླ་4པའི་ཟླ་དཀྱིལ་དུ།ལྷུན་རྩེ་རྫོང་གི་ནས་ནག་སོན་བཟང་འདེབས་ལས་རྣམ་གྲངས་རྟེན་གཞི་མུའུ20ཡི་ནས་ནག་སོན་བཟང་འདེབས་འཛུགས་ལས་དོན་བདེ་བླག་ངང་ལེགས་གྲུབ་ཟིན་པ་དེའི་ཐོག་ནས་རྣམ་གྲངས་དེའི་འགག་རྩའི་འདེབས་ལས་ལྷུ་ཚིགས་ཁྱོན་ཡོངས་ནས་འགོ་ཚུགས་པ་མཚོན་ཡོད། གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཞིང་ལས་ལག་རྩལ་པ་ཀུན་བཟང་སྒྲོལ་མས་རྣམ་གྲངས་ཀྱི་འཕེལ་རིམ་དང་དེ་བཞིན་རྗེས་མཐུད་ལས་ཀའི་འཆར་གཞི་ངོ་སྤྲོད་བྱས་པ་རེད།
ཀུན་བཟང་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། སོན་བཟང་འདེབས་ལས་ནི་ནས་ནག་བཟང་སྒྲུག་འདེབས་ལས་རྣམ་གྲངས་ཀྱི་ལྟེ་བའི་ལྷུ་ཚིགས་ཤིག་ཡིན་པས། འདེབས་འཛུགས་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་ཆེད་ནས་ནག་གི་སོན་བཟང་འདེམས་སྒྲུག་ལག་རྩལ་ལ་དམ་པོར་དམིགས་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་གི་ཡོད།
ས་གནས་དེ་གའི་ཁྱད་ལྡན་ནས་ནག་ལ་ཚིགས་ཁག་གཉིས་ཡོད་པར་དམིགས་ནས་བརྒྱུད་རིམ་ཧྲིལ་པོར་སྙེ་མའི་ཁྱད་ཆོས་དང་སོན་སྣའི་རིགས་དབྱེ་བའི་འདེབས་འཛུགས་རྣམ་པ་སྤྱད་དེ་སོན་སྣ་འདྲེས་པའི་གནད་དོན་འབྱུང་རྩ་ནས་གཏན་འགོག་བྱས་ཡོད་པ་རེད།
སོན་འདེབས་རིང་། ལག་རྩལ་མི་སྣས་ས་ཞིང་ལེགས་སྒྲིག་དང་། དབྱེ་འབྱེད། ཡུར་འཐེན། སོན་འདེབས། ས་ལོག་སོགས་བརྒྱུད་རིམ་ཧྲིལ་པོའི་ལས་སྒྲུབ་ལ་མཛུབ་སྟོན་དང་། བར་ཐག་ཚོད་འཛིན། གཏིང་རྨོད། ས་བོན་འདེབས་ཚད་སོགས་ཀྱི་འགག་རྩའི་དམིགས་ཚད་ལ་ཚོད་འཛིན་ནན་པོ་བྱས་ཤིང་། སོན་རྡོག་སྣེ་ཁ་རེ་སྟར་པ་རེར་འདེབས་པ་དང་མཆན་རྟགས་ཁ་གསལ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་མ་ཟད། ཚང་མས་ལག་རྩལ་གྱི་ཚད་གཞི་ནན་སྲུང་བྱས་ཡོད་པ་རེད།
ཚད་ལྡན་ཅན་གྱི་ཞིབ་ཚགས་ལས་སྒྲུབ་ཀྱིས་རྗེས་མཐུད་ཀྱི་ཞིང་ཁའི་སོན་སྣ་གསལ་འབྱེད་དང་། སོན་རྩྭ་ཞན་དོར། ལྟ་དཔྱད་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་སོན་རྒྱུ་ཚང་མ་2025ལོར་ལག་རྩལ་མི་སྣས་རྫོང་དེའི་ནས་ནག་སོན་ཞིང་གཙོ་བོ་ནས་གདམ་གསེས་དང་བསྡུ་རུབ་བྱས་པ་ཤ་སྟག་ཡིན་པ་དང་། ཁྱོན་སོན་རྡོག་ཁྲི་2.7ཡོད་པ་རེད། སོན་རྩྭ་དེ་དག་ནི་མི་ཐབས་ལ་བརྟེན་ནས་འཕུར་བརྡར་དང་། ལེགས་འདེམས། རིགས་དབྱེ་ལེགས་སྒྲུག རིམ་པ་བཞིན་ཨང་སྒྲིག་སོགས་ཀྱི་ལས་རིམ་བརྒྱུད་རྗེས་གཞི་ནས་འདེབས་ལས་ནང་སྤྱད་ཡོད་པ་རེད། དེ་དང་ཆབས་ཅིག རྣམ་གྲངས་ཚོགས་ཆུང་གིས་ཞིང་འཕྲུལ་སྔ་སྣུར་དུ་བཀོད་སྒྲིག་དང་ཞིང་ཟོག་འདང་ངེས་གྲ་སྒྲིག་བྱས་ཏེ། འགོག་ཟོན་ཡང་དག་དང་ཚད་ལྡན་ཅན་གྱི་ས་ཞིང་དོ་དམ་བྱ་ཐབས་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ནས་ནས་ནག་ཐོན་པའི་ལྗང་ཕྲུག་ཁོད་སྙོམས་ངང་སྐྱེས་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
ཀུན་བཟང་སྒྲོལ་མས་བརྗོད་དོན། སོན་ཞིང་ཆེད་མངགས་འཛུགས་རྒྱུ་ནི་ལྷུན་རྩེའི་ནས་ནག་གི་སྣ་ཁ་འདྲེས་པ་དང་སོན་གཤིས་ཞན་དུ་འགྲོ་བ། ཐོན་འབབ་དམའ་བ་སོགས་ཀྱི་དཀའ་གནད་སེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་འདིའི་སོན་བཟང་འདེབས་འཛུགས་དང་། འདེམས་སྒྲུག སྐྱེ་འཚར་བཅས་བརྒྱུད། ནས་ནག་སོན་བཟང་གི་སྤུས་ཀ་དག་ཚད་མཐོ་རུ་ནུས་ལྡན་གཏོང་རྒྱུ་དང་། 2027ལོར་མུའུ100ཡི་ས་ཞིང་འདེབས་ཆེད་སྤུས་ཀ་ལེགས་པ་དང་འདང་ངེས་ཀྱི་ལྟེ་བའི་སོན་ཁུངས་གྲབས་གསོག་བྱས་ཏེ། ལྷུན་རྩེའི་ནས་ནག་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ས་གནས་དེ་གའི་སོན་བཟང་ཁྱབ་སྤེལ་གཏོང་བའི་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་ཕན་འབྲས་ཐོན་པ་བྱ་རྒྱུ་ཡིན་པ་རེད།
གོམ་སྟབས་རྗེས་མར། ལག་རྩལ་རུ་ཁག་གིས་སོན་ཞིང་གི་སྐྱེ་འཚར་ལ་མུ་མཐུད་ལྟ་རྟོག་ནན་པོ་བྱས་ཏེ། ལྗང་ཕྲུག་འབུས་རིང་གི་དོ་དམ་དང་། རྗེས་སྙེག་ལྟ་དཔྱད་ཚད་ལེན། ཞིང་ནང་དུ་རྩྭ་ངན་འཐུ་བའི་ལས་དོན་སོགས་ཀྱི་རྒྱུན་རྣམ་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། འདེབས་འཛུགས་ལག་རྩལ་གསོ་སྦྱོང་དུས་མཉམ་དུ་སྤེལ་རྒྱུ་དང་རྣམ་གྲངས་ཀྱི་འཆར་གཞིར་ནན་པོར་གཞིགས་ནས། སོན་བཟང་གི་སྙེ་མ་རྐྱང་བསྡུ་དང་གསོག་ཉར་སོགས་ཀྱི་ལས་འགན་ཁག་གོ་རིམ་ལྡན་པའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ནས་ནག་བཟང་སྒྲུག་འདེབས་ལས་རྣམ་གྲངས་སྤུས་ཚད་མཐོ་པོས་ལག་བསྟར་བྱས་ཐོག ལྷུན་རྩེའི་ནས་ནག་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བརྟན་པོ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། །
བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།