འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་མི་དམངས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང་དུ་ཕེབས་ནས་འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཐོག་ས་ཡུལ་དངོས་ལ་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་གནང་བ་རེད། ཁོང་གིས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།《ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་དགོས་པ། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། སེམས་ནུས་ཡོད་རྒུས་སྒོ་རྩར་ཡོང་མཁན་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ངོ་བཅར་དང་ལེན་གནང་རིང་། ལི་ཧྥུའུ་ཀྲུང་གིས་མང་ཚོགས་ཀྱི་བདེ་སྡུག་གོང་ཞུ་བྱེད་མཁན་ཁག་གཉིས་ཀྱི་རེ་ཞུ་གསན་པ་དང་། ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་རྗེས། གནད་དོན་གྱི་འབྱུང་རྩ་ལེགས་སྒྲིག་གསེད་བཀྲོལ་དང་འཚོལ་ཞིབ་གནང་ནས་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་དང་བྱེད་ཕྱོགས་བཏོན་གནང་མཛད་དེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་རེ་རེར་ལན་བསྐྱོན་གནང་བ་མ་ཟད། འགན་འཁྲིའི་ཚན་པར་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། དུས་བཀག་ནང་གནད་དོན་ཐག་གཅོད་བྱེད་པ། རྗེས་སྙེག་སྒྲུབ་སྐུལ་བཅས་བྱས་ནས་གནད་དོན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་པའི་བཀའ་སློབ་གནང་བར་ངོ་བཅར་དུ་ཡོང་མཁན་མང་ཚོགས་ཀྱིས་གནད་དོན་ཐག་གཅོད་ལ་བློ་མགུ་ཡིད་རངས་བྱུང་བ་དང་། ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་རྣམས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་དགོས་པ་དང་། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་དེ་ཡིག་བསྐུར་ངོ་བཅར་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་ནན་པོ་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་མཐུན་རེ་ཞུ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་དང་། བརྩེ་སེམས་བཅངས་ནས་འགལ་ཟླ་སེལ་ཐོག་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གལ་ཆེའི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་དུས་ཐོག་ཏུ་འདང་ངེས་ལེན་ཐུབ་པ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་གསོའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཡིག་བསྐུར་ངོ་བཅར་གྱི་གནད་དོན་འབྱུང་རྩ་ནས་བཅོས་སྐྱོང་དང་ཕུང་གསོག་གྱོད་དོན་འདུམ་གཅོད་མཐར་ཕྱིན་བྱེད་དགོས་པ། འགོ་ཁྲིད་ཀྱིས་གྱོད་དོན་འགན་གཙང་ལེན་དང་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཡིག་བསྐུར་ངོ་བཅར་གྱི་དོན་དག་ཚང་མར་ལན་ཡོད་པ་དང་དོན་དག་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱ་དགོས། ལས་ཀར་ཞིབ་འཇུག་ནན་ཏན་དང་། འཕེལ་ཕྱོགས་ཆེན་པོར་ལྟ་བ། ཁྱོན་ཡོངས་འཆར་འགོད་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བརྡར་ཤ་གཅོད་དགོས་པ་དང་། ཡིག་བསྐུར་ངོ་གཏུག་གི་དོན་དག་རེ་རེར་དབྱེ་ཞིབ་ནན་ཏན་བྱས་ནས་ནང་གནས་ཀྱི་ཆོས་ཉིད་དང་ཁྱད་ཆོས་འཚོལ་བ་དང་ཡིག་སྐུར་ངོ་གཏུག་གི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས། ཡིག་བསྐུར་ངོ་བཅར་ལས་དོན་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ངོ་བཅར་སྣེ་ལེན་གྱི་བརྒྱུད་རིམ་ལེགས་སུ་གཏོང་བ། རིགས་དབྱེ་ཇུས་བསྟར་ལ་ཤུགས་སྣོན་རྒྱག་པ། ཚན་པའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པའི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། སྣེ་ལེན་ཞབས་ཞུའི་ཆུ་ཚད་དང་། ལས་སྒོའི་འཇོན་ཐང་། ཡིག་བསྐུར་ངོ་བཅར་གྱི་ལས་སྒྲུབ་སྤུས་ཚད་བཅས་མཐོ་རུ་བཏང་ནས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཕྱོད་ཆེས་སྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
གྲོང་ཁྱེར་འགོ་ཁྲིད་བཀྲ་ཤིས་ཕུན་ཚོགས་དང་ཉིའུ་ཁུན་ལྷན་དུ་ཕེབས་ཡོད་པ་རེད།།
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།