འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་དུས་ཀྱི་ཡར་ཀླུང་ས་གཞི་ཆེ་མོ་ནི། སྣ་མིན་མེ་ཏོག་གི་རྒྱ་མཚོ་ཞིག་དང་མཚུངས། དྲོ་འཇམ་ཉི་འོད་ས་གཞིར་འཕྲོས་པ་ལས། དགུན་དུས་ཡུག་ཙམ་གཉིད་ལ་ཡུར་བའི་ས་གཞི་འདི་ཉིད། སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས།
ཤམ་ཆུ་ཤར་ལམ་དང་ནུབ་ལམ་དུ་འཆམ་འཆམ་དུ་འགྲོ་སྐབས། རྣམ་པར་བཀྲ་བའི་རྨི་ལམ་འཇིག་རྟེན་ཞིག་དང་འདྲ། སྨུག་མདོག་ལི་སྡོང་དང་ཁམ་སྡོང་མེ་ཏོག་རྣམ་པར་བཀྲ་ལ། སྦྲང་ནོར་བུ་དང་ཕྱེ་མ་ལེབ་རྣམས་མེ་ཏོག་གི་གསེབ་ཏུ་གར་སྟབས་ལང་ལིང་བསྒྱུར། སྔོ་ཐིང་ཐུར་དཔྱང་གི་རྒྱ་ལྕང་དག་གཞུང་ལམ་གཡས་གཡོན་གྱི་སོག་བྱིལ་ལྟར་གྱི་རྒྱན་དུ་གྱུར་ཅིང་། ཕྱི་དྲོའི་མཚམས་སུ་གྲོང་མི་གཉིས་གསུམ་རེ་བག་ཕེབས་ངང་འཆམ་འཆམ་བྱེད་བཞིན་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།
ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་སྤེལ་ཚུན་ལྷོ་ཁ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་དང་། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་སོགས་ཚན་པ་མང་པོས་འཕྲལ་མར་བྱ་སྤྱོད་སྤེལ་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་ལེན་ཧུར་ཐག་ཞུས་པ་དང་། ཤེས་དཔལ་གྲོང་གཏོད་ཀྱི་ཚད་གཞི་ཁྲིད་སྟོན་དུ་བྱས་ཐོག་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ལ་དམིགས་པ་དང་། གནད་སྨིན་ཤུགས་འདོན་དང་། དམ་པ་དོན་གཉེར་གྱིས་སེམས་ནུས་ཡོད་རྒུས་གྲོང་ཁྱེར་གྱི་ཁོར་ཡུག་བཅོས་སྒྲིག་བྱས་ཏེ། གྲོང་ཁྱེར་གྱི་རྣམ་པ་དང་ཤེས་དཔལ་གྱི་ནང་དོན་དུས་གཅིག་ཏུ་ལེགས་སུ་བཏང་ཡོད་པ་རེད།
ཧུའུ་ནན་ལམ་དུ་བདག་སྐྱོང་མི་སྣས་ལམ་འགྲམ་གྱི་སྔོ་ཁེབས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)དབོར་འདྲེན་དང་གསབ་འཛུགས་ཀྱི་ལས་དོན་ཚ་ཚ་འུར་ངང་སྤེལ་བཞིན་ཡོད། ཁོང་ཚོས་ལས་བགོས་ཁ་གསལ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཁག་གཅིག་གིས་གཟབ་ནན་ངང་སྡོང་ཕྲུག་དབོར་བ་དང་། ཁག་གཅིག་གིས་སྦྱག་མ་འཁྱེར་ནས་དོང་ཁུང་འདྲུ་བ། ཡང་ཁག་གཅིག་གིས་ཤིང་འཛུགས་པའམ་ཆུ་གཏོང་བཞིན་བདག་སྐྱོང་ཞིབ་ཚགས་བརྒྱུད་གྲོང་ཁྱེར་སྔར་བས་སྔོ་ལྗང་ཅན་དུ་འགྱུར་ཆེད་ཕྱར་བ་གྲུ་འདེགས་བྱེད་བཞིན་ཡོད་པ་རེད།
གྲོང་ཁྱེར་དོ་དམ་ཅུས་ཀྱིས་གྲོང་ཁྱེར་གྱི་སྤྱི་པའི་བར་མཐོངས་གཙང་བཟོ་བྱ་རྒྱུར་དམིགས་ནས་གང་བྱུང་དུ་སྤུངས་འཇོག་བྱེད་རིགས་ལ་ཆེད་དོན་བཅོས་སྒྲིག་བྱས་ཤིང་། གཙོ་གནད་ཁྲོམ་གཞུང་དང་། སྲང་ལམ། ཚོང་ཁང་གི་སྒོ་འགྲམ་སོགས་སུ་ཅ་དངོས་གང་བྱུང་སྤུངས་འཇོག་དང་དེ་བཞིན་གཙང་སྦྲ་ཞན་པའི་ཁུག་ཆ་གཙང་སེལ་བཟོས་པ་དང་། རྩིས་ཐོའི་དོ་དམ་ལམ་ལུགས་བཙུགས་ནས་གཙང་སེལ་བཅོས་སྒྲིག་བྱས་མཚམས་ཐོ་ཁུངས་ནས་སུབ་པ། གད་སྙིགས་རྣམས་གཅིག་སྡུད་ཐོག་གཙང་སེལ་བཟོས་ནས་གྲོང་ཁྱེར་གཙང་མ་ཡོང་བ་བྱས་པ། འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པའི་སྣང་ཚུལ་ལ་དམིགས་ནས་གྲོང་ཁྱེར་དོ་དམ་ཅུས་ཀྱིས། ཤེས་དཔལ་གྲོང་གཏོད་ཀྱི་འགག་སྒྲོལ་དང་གྲོང་ཁུལ་བཅོས་སྒྲིག་བྱེད་པའི་རྣམ་པ་གསར་གཏོད་བརྒྱུད་འགག་སེལ་ཟུང་འབྲེལ་དང་སློབ་གསོ་བཅོས་སྒྲིག་གལ་ཆེ་མཉམ་འཛིན་གྱིས་ཚན་པ་མང་པོ་དང་མཉམ་དུ་གཙོ་གནད་ས་ཁོངས་སུ་སྐོར་ཞིབ་ཁ་ཏ་བྱས་པ་དང་། འཁོར་རིགས་བཞག་སྒྲིག་ཚད་ལྡན་བཟོས་པ། ཟོག་རོར་བཏང་བའི་འཁོར་རིགས་གཙང་བཟོ་བཟོས་པ། གཞུང་ལམ་ཐོག་འགྲོ་འོང་བྱེད་མཁན་འཁོར་རིགས་བདེ་བགྲོད་ཐུབ་པའི་བཀོད་འདོམས་རྒྱུན་འཁྱོངས་བཅས་བྱས་ཡོད་པ་རེད།
གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཕུན་ཚོགས་ཀྱིས། ང་ཚོས་དུས་བཞིར་སྔོ་ལྗང་ལྡན་པ་དང་། དུས་གསུམ་ལ་མེ་ཏོག་ཁྲ་ཆིལ་ཡོད་པའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་སྔོ་ལྗང་ཅན་གྱི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རྒྱུན་རྣམ་ཅན་གྱི་ཡལ་བཞུར་རྒྱག་པ། ནད་་འབུའི་གནོད་འཚེ་འགོག་བཅོས་བྱེད་པ། གསབ་འདེབས་གསབ་འཛུགས་དུས་ཐོག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྔོ་ལྗང་མཛེས་ལྗོངས་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་གྲོང་མིའི་བདེ་ཚོར་མཐོ་རུ་བཏང་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཤེས་དཔལ་གྲོང་གཏོད་ལས་དོན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཕུགས་ཕན་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་ཚུལ་ནན་པོར་བརྟེན་ནས་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ་ཤེས་དཔལ་ལྡན་པའི་གྲོང་ཁྱེར་བསྐྲུན་རྒྱུར་ཁོར་ཡུག་འགན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད།
གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ལྷོ་ངོས་སྤྱི་གླིང་ཆུང་གྲས་སུ། ཨར་ལས་མི་སྣས་བྲེལ་བརྩོན་ཆེ་ལ་གོ་རིམ་ལྡན་པའི་ངང་ལས་དོན་ཁག་སྤེལ་བཞིན་ཡོད་པ་དང་། ཚང་མས་སྔོ་ལྗང་སྡོང་ཕྲུག་ལ་བདག་སྐྱོང་གསབ་འཛུགས་ཞིབ་ཚགས་བྱེད་པ་མ་ཟད། ད་དུང་མི་རིགས་རིག་གནས་ཀྱི་བར་ཁྱམས་རིང་པོའི་དྲིལ་བསྒྲགས་ཆེད་སྒྲོམ་བཟོས་ནས་བར་ངོས་ཀྱི་རྩྭ་ངན་རྣམས་གཙང་སེལ་བྱེད་བཞིན་ཡོད་པ་རེད།
གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་ལྷོ་ངོས་ཀྱི་སྤྱི་གླིང་ཆུང་གྲས་ལ་ས་ཁྱོན་སྨི་ངོས་གྲུ་10020.89ཡོད་པ་དང་། སྤྱི་གླིང་ནང་གི་མཛེས་ལྗོངས་ཇུས་འགོད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཁར། ལག་རྩེད་སྤོ་ལོ་རྒྱག་ས་དང་། ལུས་སྦྱོང་ཐང་ཆེན། སྤྱི་པའི་གསང་སྤྱོད། མི་རིགས་རིག་གནས་བར་ཁྱམས་སོགས་གང་དགོས་ཚང་མ་འཛོམས་ཡོད། མིག་སྔར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་དུས་སྐབས་སུ་སླེབས་ཡོད་པས་གྲོང་མི་ཚོར་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཡག་པོ་ཞིག་མཁོ་འདོན་ཐུབ་རྒྱུ་རེད།
ན་ནིང་ནས་བཟུང་། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲོང་ཁྱེར་གསར་བརྗེའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཐོག་གཙང་སྦྲ་དོད་པ་དང་། བཀོད་པ་མཛེས་པ། སྔོ་འགྱུར་དང་གསལ་ཆ་ཆེ་བ། རིག་ནུས་ཅན”བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་དང་། གྲོང་ཁྱེར་ནང་ཁུལ་གྱི་མ་ལམ་7གྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་དང་། ལམ་ཆུང་4གསར་སྐྲུན་བྱས་པ། ལོང་ལམ་དང་། ལམ་བྱང་། འཁོར་ལམ་བཅས་ཀྱི་ལམ་བྱང་སོགས་ཉམས་བཟོ་སྒྱུར་བཀོད་བྱས་པ། སྤྱི་གླིང་ཆུང་གྲས་5གསར་སྐྲུན་བྱས་པར་མི་རེའི་ཆ་སྙོམས་ཀྱི་སྔོ་ཁེབས་རྒྱ་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་པ། གྲོང་ཁུལ་གཙོ་བོའི་མ་ལམ་དང་ལོང་ལམ་ཁྱབ་ཚད་95%ཡན་ཟིན་ཡོད་པ་རེད།
གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཀྲང་ཀྲེང་ཐའོ་ཡིས། གོམ་སྟབས་རྗེས་མར་ང་ཚོས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གྲུབ་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་གྱི‘ཅན་ལྔའི’བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་བཏང་བ། གྲོང་ཁྱེར་ནང་ཁུལ་གྱི་མ་ལམ་གཙོ་བོ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་མགྱོགས་སུ་གཏོང་བ།‘མགོ་མཇུག་ཆད་པའི་ལམ’ཤར་གཏོང་ཐོག་གྲོང་ཁུལ་གྱི་སྔོ་འགྱུར་མཛེས་འདོན་དང་། གསལ་ཆ་ཆེ་བ། ཆུ་འབུད་མདོང་དྲ་སོགས་ལ་གྲལ་བཤེར་བཅོས་སྒྲིག་བརྒྱུད་ཕྱོགས་ཡོངས་ནས་ཤེས་དཔལ་གྲོང་གཏོད་ཀྱི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད།
ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི་རྒྱང་ལམ་ཐོག་ཡར་ཀླུང་ས་གཞིས་རྣམ་པ་གསར་རྐྱང་གི་ཐོག་ནས་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། ཚན་པ་ཁག་གིས་ཀྱང་ཕྱར་བ་གྲུ་འདེགས་དང་དངོས་འཛིན་དངོས་སྒྲུབ་བརྒྱུད་གྲོང་ཁྱེར་གྱི་ས་ཕྱོགས་གང་སར་ཡ་རབས་ཀྱི་རྣམ་པས་ཁེངས་པ་དང་། གྲོང་མིའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བར་སྐུལ་སྤེལ་གཏོང་བཞིན་ཡོད་པ་རེད།།
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།
ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁུལ་གྱི་སྔོ་ལྗང་མཛེས་སྒྱུར་དང་གསལ་ཆ་ལེགས་གཏོང་། སྒྲིག་བཀོད་འཐུས་ཚང་། ཟང་ཟིང་བཅོས་སྒྲིག་བཅས་ལ་ཤུགས་བརྒྱབ་ནས་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལ་བརྩོན་བཞིན་པ། གསར་འགོད་པ་པ་སངས་སྒྲོལ་དཀར་དང་ཡང་ཞའོ་པོ་ཡིས་པར་བླངས།