རྒྱ་ཚྭ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་འདུ་ཚོགས་དེ་
ཉིང་ཁྲི་གྲོང་ཁྱེར་ཀོང་པོའི་སྤྱི་གླིང་དུ་འཚོགས་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། ཁམ་བུའི་མེ་ཏོག་རབ་ཏུ་མཚར། གནས་ཕྱོགས་རྒྱ་ཚྭར་ལྷན་དུ་འཛོམས་ཞེས་པའི་རྒྱ་ཚྭ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་འདུ་ཚོགས་དེ་ཉིང་ཁྲི་གྲོང་ཁྱེར་ཀོང་པོའི་སྤྱི་གླིང་དུ་འཚོགས་ཤིང་། ས་ཕྱོགས་གང་ས་ནས་ཕེབས་པའི་སྐུ་མགྲོན་ཚོར་མཛེས་སྡུག་ལྡན་པའི་རྒྱ་ཚྭ། ཡིད་དུ་འོང་བའི་དྭགས་པོའི་ཁྱད་ལྡན་མཛེས་ཉམས་འོས་སྦྱོར་བྱས་ཤིང་། དཔྱིད་དཔལ་བཞད་པའི་རྒྱ་ཚྭའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་བ་བྱས་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་དོད་པ་དང་མི་ཚོགས་ཀྱིས་ཁེངས་ཤིང་། རྒྱ་ཚྭ་རྫོང་གི་རིག་གནས་ཡུལ་སྐོར་འོས་སྦྱོར་བ་ཀརྨ་བཀྲ་ཤིས་དང་ལྷག་ཆུང་གིས་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་རྒྱ་ཚྭ་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་གྱི་ནང་དོན་ཕྱོགས་ཡོངས་ནས་མངོན་པར་བྱས་པས། དེ་གར་ཡོད་པའི་ལྟད་མོ་བ་ཚོས་ས་མཐོའི་མཛེས་ཉམས་མི་འདྲ་བ་ཞིག་མྱོང་རོལ་ཐུབ་པ་བྱུང་ཡོད་པ་རེད།
དེ་རྗེས། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། གར་སྟེགས་འོག་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་པ་དང་སྦྲགས། ལྟད་མོ་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་ལག་ཐོགས་ཁ་པར་བཏོན་ནས་པར་ལེན་བྱས། ས་ཡུལ་དངོས་སུ་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པས་ཁེངས།
གཞན་ཡང་། བྱེད་སྒོ་སྤེལ་ཡུལ་དུ། དྲི་བ་དྲིས་ལན་བརྒྱུད་བྱ་དགའ་འཐེན་པའི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད་པ་དང་། གཙོ་སྐྱོང་པས་རྒྱ་ཚྭའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་། དམངས་སྲོལ་རིག་གནས། ཁྱད་ལྡན་ཐོན་རྫས་སོགས་ཀྱི་ནང་དོན་ལ་དམིགས་ནས་དྲི་བ་བཏོན་པར། ས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་འཚང་ཁ་ཤིག་ཤིག་གིས་ལག་པ་ཡར་བརྐྱངས་ནས་ལན་ཧུར་ཐག་བཏབ་སྟེ། བག་ཕེབས་སྤྲོ་སྣང་ལྡན་པའི་ཁོར་ཡུག་ཁྲོད་རྒྱ་ཚྭའི་རིག་གནས་རྒྱུས་ལོན་བྱས་ཡོད་པ་རེད།
ད་ཐེངས་ཀྱི་འོས་སྦྱོར་འདུ་ཚོགས་དེ་ནི་རྒྱ་ཚྭ་རྫོང་གིས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་གོ་སྐབས་བརྒྱུད་རྫོང་རང་ངོས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་འགྲུལ་ཁུངས་ཁྲོམ་ར་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད།
བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།