འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་འབྲེལ་ཡོད་ཚན་པའི་འགན་འཁུར་བའི་སྣེ་ཁྲིད་དེ་སྣེ་གདོང་གྲོང་ཁུལ་གཙོ་བོའི་གྲོང་ཁྱེར་གྱི་གློག་སྒྲོན་ལེགས་སྒྱུར་ལས་གྲྭ་ལག་བསྟར་བྱས་ཚུལ་ལ་ཆེད་དོན་རྟོག་ཞིབ་གནང་བ་རེད། གྲོང་སྤྱི་གཞོན་པ་ཧན་ལེའང་བརྟག་ཞིབ་ནང་ལྷན་དུ་ཞུགས།
ས་རུབ་ལ་ཉེ་བའི་མཚམས་སུ། གྲོང་ཁུལ་གཙོ་བོའི་ཁྲོམ་གཞུང་དང་། ཐང་ཆེན། ཆུ་རྒྱུད། སྤྱི་གླིང་། བ་གམ་བཅས་ཀྱི་གློག་སྒྲོན་སྒྲིག་བཀོད་ཚང་མ་རབ་ཏུ་འཚེར་བ་དང་། དཀར་ལྗང་དམར་སེར་གྱི་གློག་སྒྲོན་རབ་ཏུ་གསལ་བས་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་བསྟེར་ཅིང་། དེ་ལས་གྲོང་ཁྱེར་གྱི་སྐྱིད་སྣང་ཞིག་རང་ཤུགས་སུ་མངོན་ནས་ལྷོ་ཁའི་སེམས་རྩ་འཁོལ་ཤུགས་དང་སྒོ་དབྱེའི་རྣམ་པ་ཞིག་བརྒྱུད་སྤྲོད་བྱེད་བཞིན་ཡོད། བསམ་གྲུབ་ཚེ་རིང་དང་བཅས་པས་ས་གནས་ས་ཐོག་ནས་ཡར་གཙང་གྲོང་ཁུལ་དུམ་བུའི་གཙང་རྒྱུད་ངོས་དང་། སྤྱི་གླིང་། ཐང་ཆེན། ཁྲོམ་གཞུང་གཙོ་བོ། ཡར་ལྷ་ཤམ་ཆུ་རྒྱུག་ཁུལ་ངོགས་གཉིས། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་ཀྱི་གློག་སྒྲོན་ལེགས་སྒྱུར་ཕན་འབྲས་ལ་གཟིགས་པ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་སྤེལ་རེས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)གནང་སྟེ་གློག་སྒྲོན་ལས་གྲྭའི་སྤྱི་ཡོངས་ཀྱི་བཀོད་པ་དང་། གློག་འོད་ཇུས་འགོད། ཚོན་མདོག་སྡེབ་སྒྲིག་སོགས་ཐད་བླང་བྱ་བཏོན་གནང་བ་དང་འབྲེལ་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ཞབས་ཞུའི་ལས་སྟེགས་ཀྱི་མི་མེད་གནམ་གྲུའི་སྐོར་ཞིབ་བརྒྱུད་གློག་སྒྲོན་ལེགས་སྒྱུར་ལས་གྲྭའི་སྤྱི་ཡོངས་ཀྱི་ཕན་འབྲས་ལ་གཟིགས་པ་རེད།
བསམ་གྲུབ་ཚེ་རིང་གིས་གསུངས་དོན། གློག་སྒྲོན་ལེགས་སྒྱུར་ལས་གྲྭ་ནི་གྲོང་ཁྱེར་གྱི་མཚན་ལྗོངས་མཛེས་སུ་གཏོང་བ་དང་། གྲོང་མིའི་སེམས་ཁམས་ལ་དྲོ་སྐྱིད་སྤྲོད་པ། འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ལས་ཀ་ཞིག་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་མིའི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ། མཚན་མོའི་དཔལ་འབྱོར་འཕེལ་བ་བཅས་ཀྱི་དམིགས་ཚད་དུ་འཛིན་ཏེ་འཆར་འགོད་ཞིབ་ཚགས་དང་ལག་བསྟར་ཚགས་ཚུད་པོས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་དང་། མཛེས་ཉམས། སྐྱིད་སྣང་དོད་པ་བཅས་ཀྱི་མཚན་མོའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་གཏོད་དགོས་ཞེས་དང་།
བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། འཆར་འགོད་ཀྱིས་སྣེ་ཁྲིད་མཐའ་འཁྱོངས་ཐོག་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་། སྤྱི་ཡོངས་བཀོད་སྒྲིག་བྱེད་དགོས་པ་དང་། གྲོང་ཁྱེར་གྱི་གློག་སྒྲོན་རིམ་སྤོར་ལེགས་སྒྱུར་གྱི་སྤྱིའི་འཆར་འགོད་ལ་ཞིབ་འཇུག་དང་བཟོ་འགོད་ནན་ཏན་བྱས་ཏེ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱེད་དགོས། དམངས་འཚོའི་དགོས་མཁོ་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག་གཙོ་གནད་ས་ཁོངས་ཀྱི་མཚན་ལྗོངས་ལེགས་སུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ལ། སྲང་ལམ་དང་ཁུག་ལམ་གྱི་གློག་སྒྲོན་ལེགས་སུ་གཏོང་རྒྱུར་ཡང་ལྟ་རྟོག་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་འགྲོ་འོང་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས། ཁོར་ཡུག་མཛེས་བཟོ་བྱེད་པར་མཐོང་ཆེན་བྱ་དགོས་ལ། དངོས་སྤྱོད་ཀྱི་བྱེད་ནུས་ལ་གཅིག་གྱུར་གྱིས་བསམ་གཞིགས་ཀྱང་བྱ་དགོས། ལྗང་མདོག་གི་ནུས་རྒྱུ་གྲོན་ཆུང་ལ་མཐོང་ཆེན་དང་། ལེགས་འདེམས་ནུས་ཆེའི་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད། ཚན་རིག་དང་མཐུན་པའི་སྒོ་ནས་དཀར་ཆའི་དུས་མཚམས་དང་ཤུགས་ཚད་ཚོད་འཛིན་བྱས་ཐོག་གློག་སྒྲོན་ཚད་བརྒལ་དང་འོད་ཀྱི་སྦགས་བཙོག་མི་ཕོག་པ་བྱེད་དགོས། སྒྲིག་བཀོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གློག་སྒྲོན་སྒྲིག་བཀོད་ཀྱི་རྒྱུན་རྣམ་ཅན་གྱི་གྲལ་བཤེར་དང་སྲུང་སྐྱོང་རྒྱུན་མཐུད་ཡག་པོ་ཡོང་བ་བྱེད་དགོས། དམངས་ཡོངས་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་གཉེར་སྐྱོང་བྱེད་པོ་ཁག་ལ“གློག་སྒྲོན་འོག་གི་མི་མངོན་པའི་སྟོབས་ཤུགས”སྔོག་འདོན་བྱེད་རྒྱུའི་ཁྲིད་སྟོན་བརྒྱུད་ཁེ་ལས་ཀྱིས་འཆར་འགོད་གཞིར་བཟུང་འཛུགས་སྐྲུན་དངོས་པོའི་གློག་སྒྲོན་སྒྲིག་བཀོད་ལེགས་སུ་གཏོང་རྒྱུར་སྐུལ་མ་གཏོང་དགོས། མཚན་མོའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མཚན་མོའི་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་ཞབས་ཞུའི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མཚན་མོའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་བྱེད་དགོས།།
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།