第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2026年3月20日 星期
下一篇 4 放大 缩小 默认
ཁྱུ་བྱུག་གསུང་སྙན་སྒྲོགས་། བྱ་སར་ཤེས་དཔལ་དར་།
 

——སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་བྱ་ས་སྡེ་ཁུལ་གྱི་ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་་གཏོང་བའི་བྱ་སྤྱོད་སྐོར་བཀོད་པ།

སྤྱི་ཟླ་གསུམ་པར། ཡར་ཀླུང་གཙང་པོའི་རོང་ཁུལ་དུ་གྲང་རླུང་བསིལ་བསིལ་ལྡང་བཞིན་པའི་སྐབས་དེར། སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་བྱ་ས་སྡེ་ཁུལ་གྱི་ཁུ་བྱུག་སྒྲོག་འགྲེལ་རུ་ཁག་སླར་ཡང་ཐོན་འགོ་ཚུགས།

རུ་མི་ཕུན་ཚོགས་ནོར་བུ་དང་ལས་རོགས་ཚོས་གསར་དུ་བཟོ་བཅོས་བརྒྱབ་པའི《གྲོང་མིའི་སྤྱི་ཆིངས》བསྣམས་ནས་གྲོང་མིའི་ཁྱིམ་དུ་བསྐྱོད། ད་ཐེངས་ཁོ་ཚོས་སྒྲོག་འགྲེལ་བྱེད་པའི་ནང་དོན་གཙོ་བོ་ནི་བཀྲ་ཤིས་རྟེན་འབྲེལ་བྱ་ལས་དང་། འདས་མཆོད་བྱ་ལས་ལ་སོགས་བསྒྲུབ་ཕྱོགས་སྟབས་བསྡུས་དར་སྲོལ་བྱེད་པའི་སྐོར་རོ།

ཨ་ཅག་ལགས། གོ་ཐོས་ལ་ཁྱེད་རང་གི་བུའི་གཉེན་སྒྲིག་རྟེན་འབྲེལ་གནང་རྩིས་ཡོད་པ་འདྲ། དེང་སང་རྟེན་འབྲེལ་གྲ་རྒྱས་པོ་བྱེད་པར་དང་དོད་བྱེད་ཀྱི་ཡོག་མ་རེད་ཅེས་སྒྲོག་འགྲེལ་པ་ཕུན་ཚོགས་ནོར་བུས་སྦྱིན་བདག་གིས་བླུགས་པའི་ཇ་བསྲུབས་མ་དེ་ལག་ཏུ་ལེན་ནས་ཕན་ཚུན་ཅི་གྲོས་མོལ་གྲོས་བྱེད་འགོ་ཚུགས།

འདི་ལྟ་བུའི་རྣམ་པ་ནི་བྱ་སའི་སྡེ་ཁུལ་དུ་རྒྱུན་གཏན་ནས་ཐོན་དང་ཐོན་མུས་ཡིན།

“ཁུ་བྱུག”གསུང་སྙན་མི་སེམས་རྣ་བར་སྙན།

ན་ནིང་ཟླ་10པར། སྡེ་ཁུལ་གྱིས“ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་གོམས་སྲོལ་སྒྱུར་བའི་རེ་བ་ཁག་སྔར་བས་ཞིབ་ཚགས་སུ་བཏང་ཡོད། དར་སྲོལ་གསར་པ་དེ་དག་གང་འདྲ་བྱས་ཏེ་མང་ཚོགས་ཚོའི་སེམས་ནང་ཟུག་པ་བྱེད་རྒྱུའི་ཐད་སྡེ་ཁུལ་གྱིས་ཐབས་ཤེས་བཟང་པོ་ཞིག་བཏོན་ཡོད་པ་སྟེ། སྡེ་ཁུལ་གྱི་སྒྲོག་འགྲེལ་རུ་ཁག་མིང་དུ“ཁྱུ་བྱུག”ཞེས་པའི་མིང་བཏགས། ཤོད་རྒྱུན་དུ་བྱ་ས་ཞེས་པའི་མིང་ཐོགས་ཚུལ་ལ་སྔ་མོ་ས་འདིར་བྱ་ཁྱུ་བྱུག་ཁྱུ་ཚོགས་འདུ་སའི་གནས་ཡིན་པར་བརྟེན་སྒྲོལ་འགྲེལ་ཚོགས་པས་ཀྱང་བྱ་ཁུ་བྱུག་དང་འདྲ་བར། ཤེས་དཔལ་སྲོལ་བཟང་དག་ཁྱིམ་ཚང་ཀུན་ལ་ཁྱབ་པར་བྱེད་པས་མིང་དེ་ལྟར་བཏགས་པ་རེད།

“སྔོན་ཆད་མང་ཚོགས་ཚོས་རླུང་དར་སོགས་གཏོང་དུས་ཚད་ལྡན་གང་ཡང་མེད་པས། རླུང་བུ་ལྡང་སྐབས་རི་སྟེང་དང་ལམ་འགྲམ་གང་སར་རླུང་དར་སྣ་ཚོགས་འཁྱེར་ཡོང་ནས་མཐའ་འཁོར་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད”ཅེས་གཅིག་སྡུད་སྒྲོག་འགྲེལ་ཚོགས་འདུའི་ཐོག་ཕུན་ཚོགས་ནོར་བུས་ལག་ཐོགས་ཁ་པར་བཏོན་ནས་གཙང་སེལ་མ་བྱས་གོང་གི་རྣམ་པ་མཐོང་བའི་པར་དེ་དག་ཡུལ་མི་ཚོར་བསྟན།“ད་ཆ་ང་ཚོས་ཟླ་རེར་གཙང་སེལ་ཐེངས་རེ་སྒྲིག་འཛུགས་བྱེད་ཀྱི་ཡོད་པས། དེང་སང་ཁོར་ཡུག་གཙང་མ་གཙང་ཀྱང་ཆགས་མི་འདུག་གམ”ཞེས་བརྗོད།

པར་དེ་དག་མཐོང་མ་ཐག་ཡུལ་མི་ཚོས་ཀྱང་མགོ་བོ་ལྕོག་ལྕོག་བྱེད་བཞིན་ཚང་མས་བསྔགས་བརྗོད་བྱས། གྲངས་གཞི་ལས་མངོན་པར་གཞིགས་ན། སྡེ་ཁུལ་གྱིས་རིམ་རྩིས་བྱས་ན་གོམས་སྲོལ་སྒྱུར་བ་དང་ཤེས་དཔལ་སྐྱེད་སྲིང་གི་བྱེད་སྒོ་སྣ་ཚོགས་ཐེངས་88སྤེལ་བ་བརྒྱུད། དེང་སྐབས་རླུང་དར་རྙིགས་ཞན་རིགས་ཉུང་དུ་སོང་བ་མ་ཟད། གྲལ་འགྲིག་ཅིང་སྒྲིག་ལམ་ལྡན་པའི་རྣམ་པ་མང་དུ་ཕྱིན་ཡོད་པ་དང་། རྒྱས་སྤྲོས་རྟེན་འབྲེལ་བྱེད་སྒོ་ཉུང་དུ་སོང་བ། དཀའ་སྤྱད་གྲོན་ཆུང་བྱེད་པའི་རྣམ་པ་ཡང་ཟབ་ཏུ་ཕྱིན་ཡོད།

མི་རིང་གོང་། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་། དང་བླངས་པས་སླར་ཡང་གཙང་འགྲམ་གྱི་མུའུ་ཁྲི་ཡི་ནགས་གླིང་དང་། གཞུང་ལམ་གཞོགས་གཉིས་སུ་བསྐྱོད་དེ་རླུང་དར་སྙིགས་ཞན་དེ་དག་གཙང་སེལ་བཟོས་པ་རེད། ད་ཆ་བྱ་སའི་དཀྱིལ་ལམ་དང་། གཞུང་ལམ་ཨ་མའི་གཞོགས་གཉིས། གྲོང་མིའི་ཁང་པའི་རྒྱབ་མདུན་སོགས་སུ་བསྐྱོད་སྐབས་གཙང་སྦྲ་དོད་ལ་གྲལ་འགྲིག་པ་དང་། རླུང་དར་སྙིགས་ཤུལ་རྩ་བ་ནས་མཐོང་རྒྱུ་མེད་པ་རེད།

ཉེ་འགྲམ་གྱི་མིག་དཔེ། མིག་མཐོང་ཐུབ་པའི་སྟོབས་ཤུགས།

འཕྲིན་ལས་དབྱངས་སྐྱིད་ཀྱིས“རྟེན་འབྲེལ་མཛད་སྒོ་མི་གཉེར་བའི”དབང་གིས་རང་ཉིད་སྡེ་ཁུལ་གྱི་དཔེ་མཚོན་མི་སྣར་འགྱུར་བ་བསམ་ཡུལ་ལས་འདས།

ཆེས་སྤྱིར་བཏང་གི་བོད་རིགས་ཁྱིམ་ཚང་དེའི་ནང་གི་ཕྲུ་གུ་གཉིས་སྔ་རྗེས་སུ་སློབ་ཆེན་དུ་རྒྱུགས་འཕྲོད། ས་གནས་དེ་གའི་གོམས་སྲོལ་ལྟར་ན། དེ་ནི་བཀྲ་ཤིས་པའི་བྱ་བ་ཆེན་པོ་ཞིག་ཡིན་པས། མ་མཐར་ཡང་རྟེན་འབྲེལ་ཞལ་ལག་སྒྲོག་ཙེ་བཅུ་གྲངས་ཁ་ཤས་བཤམས་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་དགོས་ལ། ཁྱིམ་མཚེས་ཚོས་ཀྱང་རྟེན་འབྲེལ་བྱེད་དགོས་པའི་གྲོས་འགོ་འདོན་མྱོང་ཡོད།

འོན་ཀྱང་འཕྲིན་ལས་དབྱངས་སྐྱིད་ཀྱིས“རྟེན་འབྲེལ་འགྲོ་སོང་ཐད་གཏོང་རྒྱུའི་མ་དངུལ་རྣམས་ཕྲུ་གུ་སློབ་གྲྭར་གཏོང་བ་དང་། ཁྱིམ་ཚང་གི་འཚོ་བ་ལེགས་སུ་གཏོང་རྒྱུའི་ཐད་སྤྱད་དེ། བདེ་སྐྱིད་ཀྱི་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས་གསོལ་སྟོན་བཤམས་ནས་བྱུང་བ་ཞིག་མ་རེད”ཅེས་ཤོད་ཀྱི་ཡོད་པ་རེད།

ཁོ་མོས་མི་གཞན་དག་དང་འདྲ་བཞིན་པ་བྱེད་འདོད་མེད་ལ། ཕན་ཚུན་ཞེ་སྡང་དེ་བས་ག་ལ་བྱེད། དེ་ལས་ལྡོག་ཏེ་གཉེན་སྟོན་སྟབས་བདེ་བྱས་ཏེ་རང་རྟོགས་ངང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ལས་བྲལ་ཡོད། རྒྱུན་དུ་ཁོ་མོས་སྡེ་ཁུལ་གྱིས་སྒྲིག་འཛུགས་བྱས་པའི་སྲིད་ཇུས་སྒྲོག་འགྲེལ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ནང་ཧུར་ཐག་ཞུགས་ཏེ་རང་ཉིད་ཀྱིས་ཤེས་པའི་སྤྱི་སྐད་ཐོག་ནས་ཉེ་འགྲམ་གྱི་མི་རྣམས་ལ་ཤེས་དཔལ་སྲོལ་བཟང་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཅིང་“ང་ཚོས་སེམས་ནུས་ཡོད་ཚད་འབབ་འཕར་ཕྱུག་འགྱུར་ཐད་བཞག་ནས་འཚོ་བ་ཡག་པོ་སྐྱེལ་རྒྱུ་དེ་གང་ལས་ཀྱང་ལྷག་པ་ཡོད”ཅེས་ཤོད་ཀྱི་ཡོད་པ་རེད།

2024ལོར་འཕྲིན་ལས་དབྱངས་སྐྱིད་ཁྱིམ་ཚང་ལ་ལྷོ་ཁ་གྲོང་ཁྱེར་གྱི“ཡ་རབས་ཁྱིམ་ཚང”གི་མཚན་སྙན་ཐོབ། 2025ལོར་སྣེ་གདོང་ཆུས་ཀྱི“བདེ་ཐང་ཁྱིམ་ཚང”ལ་སླར་ཡང་བདམས། བྱ་ས་སྡེ་ཁུལ་དུ“རྟེན་འབྲེལ་མཛད་སྒོ་མི་གཉེར་བའི”ཁྱིམ་ཚང་དེ་ཉིད་གྲོང་མི་ཚོས་མཐོང་ཐུབ་པ་དང་མིག་དཔེ་ལྟ་རུང་བའི་དཔེ་བཟང་ལ་གྱུར་ཡོད།

“བདེ་སྐྱིད་ཟ་ཁང”ནང་གི་ཤེས་དཔལ་རོ་བཅུད།

ཉིན་དགུང་གི་དུས་སུ“བདེ་སྐྱིད་ལྡན་པའི་བྱ་ས”ཅེས་པའི་སྡེ་ཁུལ་ཟ་ཁང་ནས་ཟ་མའི་དྲི་ཞིམ་འཐུལ་བཞིན་ཡོད། བགྲེས་སོང་བདུན་བརྒྱད་ཙམ་གསོལ་ལྕོག་གཅིག་གི་ཐོག་མཐའ་བསྐོར་ནས་ཞལ་ལག་མཆོད་ཀྱིན་ཁ་བརྡ་གློད་བཞིན་འདུག ཟ་ཁང་འདི་ནི་ཟ་མ་ཟ་ས་ཙམ་མ་རེད།

གྱང་ངོས་སུ“མིང་བྱང་དམར་པོ་དང་ནག་པོ”སྦྱར་ཡོད་ཅིང་། མི་བཟང་ལས་བཟང་བྱེད་མཁན་ལ་མིང་བྱང་དམར་པོ་དང་། མ་རབས་ཐ་ཤལ་བྱེད་མཁན་ལ་མིང་བྱང་ནག་པོ་བཟོས་ཡོད་པ་དེ་དག་ཁ་གསལ་ཀུན་གསལ་རེད། གྱང་ཟུར་གྱི“ཞིང་པའི་དཔེ་ཁང”ནང་། ན་གཞོན་ཁ་ཤས་ཀྱིས་དཔེ་དེབ་ལྟ་བཞིན་ཡོད། སྡེ་ཁུལ་གྱིས་འདི་གར་ཤེས་དཔལ་ལག་ལེན་གྱི“རྟེན་གཞི་གཙོ་བོ”བཀོད་སྒྲིག་བྱས་ཡོད་ཅིང་། དུས་རྒྱུན་ཁ་ལག་དུས་ཚོད་མིན་པའི་སྐབས་སྒྲོག་ཙེ་དང་རྐུབ་སྟེགས་དེ་དག་ལོགས་གཅིག་ཏུ་བསྡུས་ནས་སྒྲོག་འགྲེལ་ཁང་དང་བྱེད་སྒོ་ཁང་། དོན་གྲོས་ཁང་བྱེད་ཀྱི་ཡོད།

ཞལ་ལག་བཟོ་མཁན་མེད་པའི་བགྲེས་སོང་ཚོར་དམིགས་ཏེ་ཟ་ཁང་ནས་ཧེ་བག་ཅན་གྱི་དམངས་ཕན་སྲིད་ཇུས་མཁོ་འདོན་བྱེད་པ་དང་། མངགས་སྐྱེལ་བྱེད་མཁན་དང་། ཕྱི་ལ་ལས་ཀ་བྱེད་མཁན་ལ་དམིགས་ཏེ། ཟ་ཁང་ནས་གོང་ཁེའི་ཟ་མ་དང་ངལ་གསོ་ས་མཁོ་འདོན་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་དུས་ཆེན་འཆར་རིམ་བཞིན་འདི་གར་ད་དུང“ཆུ་མོག་གི་གསོལ་སྟོན”དང“རྒན་བཀུར་གསོལ་སྟོན”བཤམས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་རྒྱ་རིགས་ཀྱི་ཆུ་མོག་དང་། བོད་རིགས་ཀྱི་ཇ་བསྲུབས་མ་མཉམ་ཟ་མཉམ་འཐུང་བྱེད་ཀྱི་ཡོད་པ་རེད།

“ཁུ་བྱུག་ས་ཚིགས་ཆུང་ངུ་”ཅེས་པའི་ཁང་ཆུང་དེ་ཟ་ཁང་གི་ཟུར་ཞིག་ཏུ་བཀོད་སྒྲིག་བྱས་ཡོད་པ་དང་། “གསར་བརྗེའི་སྒྲོག་འགྲེལ་སློབ་ཁང་”དང་།“བདེ་ཐང་སློབ་གསོའི་སློབ་ཁང་”“རྩལ་ནུས་སློབ་ཁྲིད་སློབ་ཁང་”སོགས“སློབ་ཁང་ཆེན་པོ་དྲུག”གིས་རེས་མོས་ངང་འཆད་ཁྲིད་བྱེད་ཀྱི་ཡོད། མི་རིང་གོང་། དངུལ་རྩའི་ཁ་བསླུས་འགོག་ཟོན་བྱེད་པའི་སྒྲོག་འགྲེལ་ཞིག་ལ་བགྲེས་སོང་ཚོའི་དོ་ཁུར་ཆེན་པོ་བྱུང་ཡོད་ཅིང་། དགུང་ལོ་68ལ་གསོན་པའི་བགྲེས་སོང་བཀྲ་ཤིས་ཀྱིས“དེ་སྔ་གནས་ཚུལ་དེ་འདྲ་རང་ཉིད་ལ་འཕྲད་སྲིད་ཀྱི་མ་རེད་བསམས་བྱུང་། སྒྲོག་འགྲེལ་ཉན་རྗེས་མགོ་སྐོར་གཏོང་མཁན་ལ་ཐབས་ཤེས་དེ་འདྲ་ཡོད་པ་གཞི་ནས་ཚོར་སྣང་བྱུང་”ཞེས་བཤད།

ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་ཁུལ་ཆུང་བཅོས་སྒྲིག་གི་དཀའ་ཁག་འཕྲད་སྐབས་ཚང་མས་མཉམ་དུ་བསྡད་དེ“ཁྱུ་བྱུག་ཁྱིམ་མཚེས་འདུམ་འགྲིག་གྲོས་མོལ”འཚོགས་ནས་དོན་ཆེན་དོན་ཆུང་གང་ཡིན་རུང་ཞི་འཇགས་འགྲོ་ཐབས་བྱེད་ཀྱི་ཡོད་པ་རེད།

ལམ་ལུགས་ཤོག་ཐོག་ལ་ཕབ་པ་ཙམ་མ་ཟད། ལག་བསྟར་དོན་འཁྱོལ་ལ་དེ་བས་སྣང་ཆེན་བྱེད་པ།

བྱ་ས་སྡེ་ཁུལ་གྱི《གྲོང་མིའི་སྤྱི་ཆིངས》ནང་། མི་རིགས་མཐུན་སྒྲིལ་ལས་དོན་དང་། དམངས་སྲོལ་གཉེན་སྒྲིག་དང་བུ་བཙའི་ལས་དོན་བཅས་དོན་ཚན་ཆེ་ཁག་ནང་བཅུག་ཡོད་ཅིང་། གོམས་སྲོལ་སྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བཅོས་སྒྲིག་དང་། གཉེན་སྟོན་དུར་མཆོད་བྱ་ལས་སོགས་ཀྱི་ལུགས་རྙིང་སྲོལ་ངན་བཅོས་སྒྲིག་ནུས་ལྡན་བྱས་ཏེ། གཉེན་སྟོན་དུར་མཆོད་སྟབས་བསྡུས་བྱེད་ལུགས་སོགས་ལམ་ལུགས་ནང་གསལ་པོར་བཀོད་ཡོད།

ལམ་ལུགས་དེ་ཤོག་ཐོག་ལ་བྲིས་པ་ཙམ་ཁོ་ན་མ་ཡིན་པར། དེ་བས་ལག་བསྟར་གང་ལེགས་བྱེད་དགོས། སྡེ་ཁུལ་གྱིས་ཤེས་དཔལ་སྲོལ་གཏོད་དང་གྲོང་མིའི་རང་སྐྱོང་ཟུང་འབྲེལ་བྱས་ཏེ“སྐར་བཅུའི་ཤེས་དཔལ་དུད་ཚང་”དང“ཡ་རབས་ཁྱིམ་ཚང་”དཔྱད་འདེམས་བྱས་ནས་གཟི་བརྗིད་ཀྱི་བྱ་དགའ་ལས་ཐེ་ཞུགས་བྱེད་པའི་སྤྲོ་སྣང་འཕེལ་བ་བྱེད་བཞིན་ཡོད། ད་ཆ་བྱ་ས་སྡེ་ཁུལ་དུ་བསྐྱོད་ཙ་ན། རྒྱས་སྤྲོས་རྒྱས་གཉེར་བྱེད་མཁན་ཉུང་དུ་ཕྱིན་པ་དང་། རིག་གནས་དང་ལག་རྩལ་སྦྱོང་མཁན་མང་དུ་ཕྱིན་པ། ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་འགལ་ཟླ་ཉུང་དུ་སོང་བ། ཕན་ཚུན་རོགས་རེས་བྱེད་མཁན་མང་དུ་ཕྱིན་པ་བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད།

མི་གཅིག་ནས་མི་ཚོགས་བར་དང་། ཁྱིམ་ཚང་གཅིག་ནས་སྡེ་ཁུལ་ཧྲིལ་པོའི་བར། ཤེས་དཔལ་སྲོལ་བཟང་གི་ས་བོན་ལ་རིམ་བཞིན་མྱུ་གུ་འབུས་བཞིན་ཡོད།

སྡེ་ཁུལ་གྱི་འགན་འཁུར་བ་རྐང་བཙུགས་ཀྱིས་“ཤེས་དཔལ་སྲོལ་གཏོད་ནི་ཉིན་གཅིག་གཉིས་ཀྱི་ལས་ཀ་ཞིག་ག་ལ་ཡིན། ལས་ཀ་གང་ཞིག་ཡིན་རུང་མཐའ་འཁྱོལ་བྱས་ན་ཏན་ཏན་འགྱུར་ལྡོག་དང་འབྲས་བུ་ཞིག་མཐོང་ཐུབ” གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་ནས་“བདེ་སྐྱིད་ལྡན་པའི་བྱ་ས”ཅེས་པའི་ཏང་འཛུགས་སྐྱོང་གི་ལན་པར་བཏོད་ཐོག་ཤེས་དཔལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་དེ་བས་བཀྲག་མདངས་འཚེར་བ་བྱ་རྒྱུ་ཡིན་ཞེས་བརྗོད།

དགོང་དྲོའི་མཚམས་སུ། མཚམས་སྤྲིན་དམར་པོ་བྱ་ས་སྡེ་ཁུལ་དུ་འཕྲོས་པ་ལས་ཕྱོགས་བཞིའི་འགྲོ་ལམ་དེ་བས་གཙང་ལ་གྲལ་འགྲིག་པའི་མཛེས་ཉམས་མངོན། སློབ་གྲྭ་གྲོལ་མ་ཐག་པའི་བྱིས་པ་ཁ་ཤས་ཀྱིས“ཁུ་བྱུག་ས་ཚིགས་ཆུང་ངུའི”སྒོ་འགྲམ་དུ་རྩེད་འཇོར་རོལ་བཞིན་འདུག མུ་མཐའ་ཡངས་པའི་ཡར་ཀླུང་གཙང་པོ་དེ་ཡང་ཤང་ཤང་དུ་རྒྱུག་ཅིང་། ལྷོ་ཁ་གྲོང་ཁྱེར་གྱི་ནུབ་སྒོར་གྲགས་པའི་སྡེ་ཁུལ་དེ་ཉིད་ཀྱིས་རྣམ་པ་གསར་རྐྱང་ཐོག་ནས་ལྷོ་ཁར་ཕེབས་མཁན་སྐུ་མགྲོན་ཚོར་བསུ་བ་ཞུ་བཞིན་ཡོད།

ད་ཆ། ཤེས་དཔལ་ཡ་རབས་འདི་ཉིད“བདེ་སྐྱིད་ལྡན་པའི་བྱ་སའི”རྒྱན་ཆ་མཛེས་ཤོས་སུ་འགྱུར་བཞིན་ཡོད།།

བསོད་ནམས་བསྟན་པས་བསྒྱུར། ཡེ་ཤེས་བཟང་མོ་དང་བདེ་སྐྱིད་དཔལ་སྒྲོལ་གྱིས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
ཁྱུ་བྱུག་གསུང་སྙན་སྒྲོགས་། བྱ་སར་ཤེས་དཔལ་དར་།
ཆུ་གསུམ་གྱི་དུད་ཚང་150ཡི་མང་ཚོགས་སྡོད་ཁང་གསར་པར་སྤོས་པ།