第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2025年10月20日 星期
放大 缩小 默认
ཁེ་སྨད་སྡེ་ཁུལ་སྐྱིད་པ། ལས་དོན་རུ་ཁག་ཡག་པ།
ཁེ་སྨད་སྡེ་ཁུལ་དུ་བཅའ་སྡོད་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ལས་དོན་རུ་ཁག་གི་སྐོར་བཀོད་པ།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།
 

སྟོན་མདངས་རབ་ཏུ་རྒྱས་ཤིང་། ཨ་ཤོམ་སྐྱེས་ཁ་ལེགས་པ། དྲོ་སྐྱིད་ཉི་འོད་འོག་ད་ལོའི་ལོ་ལེགས་གཏམ་བཟང་གླེང་གིན་པའི་བགྲེས་སོང་སོགས་ཀྱི་རྣམ་པ་མངོན་པའི་ཁེ་སྨད་ནི། པིར་གྱིས་བྲིས་འདྲའི་གྲོང་གསེབ་ཀྱི་འདུ་འགོད་དེ་མིན་ནམ། དེའང་། ཁེ་སྨད་སྡེ་ཁུལ་དུ་བཅའ་སྡོད་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་གྲོང་འཇུག་ཁྱིམ་བཅར་དང་། དམངས་ཀྱི་སེམས་ཁྲལ་སེལ་རོགས། མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བཅས་བྱ་རྒྱུ་དེ་ལས་འགན་གཙོ་བོ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་རྟོག་ཞིབ་དང་གྲོང་ཚུལ་དམངས་འདོད་མཐིལ་རྟོགས་བཅས་གཙོ་གནད་དུ་འཇོག་པ་བཅས་བྱས་པས། དམངས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

དམངས་འཚོ་རྐང་པས་འཇལ་ནས། དམངས་འདུན་ལེགས་པར་བརྟག་པ།

ཧྲུའུ་ཅི་ལགས། ཁྱེད་རང་ལོག་ཕེབས་པས། ཁྱེད་རང་མི་བཞུགས་པའི་རིང་ཚང་མས་ཁྱེད་རང་དྲན་ནས་བསྡད་ཡོད་ཅེས་བགྲེས་སོང་གནམ་སྐར་ལགས་ཀྱིས་ཧྲུའུ་ཅི་བུ་ལགས་དང་ཕྱག་བཏང་ནས་འཚམས་འདྲིའི་ཚུལ་དུ་འདི་ལྟར་གླེང་།སྡེ་ཁུལ་ནང་གནམ་གཤིས་གང་འདྲ་ཞིག་བསྟན་རུང་། གྲོང་སྡོད་ལས་དོན་རུ་ཁག་གི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅེས་པའི་མང་ཚོགས་ཀྱི་བཀའ་མོལ་དེ། ཁེ་སྨད་སྡེ་ཁུལ་དུ་བཅའ་སྡོད་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་དོན་རུ་ཁག་གིས་བཞག་པའི་བག་ཆགས་ཟབ་ཤོས་དེ་ཡིན་པ་རེད།

ཕྱོགས་ཡོངས་ནས་གྲོང་ཚུལ་དམངས་འདུན་ཤེས་རྟོགས་ཐུབ་ཆེད། ལས་དོན་རུ་ཁག་བཅའ་སྡོད་བྱས་ཚུན། གྲོང་ཚོ་སྲང་ལམ་དང་ཞིང་ཐང་མུ་ཁ། ཁྱིམ་བཅར་བཅས་བརྒྱུད་ནས་སྡེ་ཁུལ་ཡོངས་ཀྱི་ཐེམ་དུད་186གི་ཁྱིམ་ཚང་གནས་ཚུལ་ཅི་ཡོད་ཟིན་བྲིས་ཙམ་མ་ཟད་སེམས་ནང་བཏབ་ཡོད་པ་རེད།

ཁྱིམ་ཚང་གང་དུ་བཅར་རུང་། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མི་ཚོ་དང་ལྷན་དུ་ཅི་གྲོས་མོལ་གྲོས་ཞོར། ཁྱིམ་མི་ག་ཚོད་ཡོད་མེད་དང་། ཡོང་སྒོ་གང་ལ་བཅོལ་ཡོད་མེད། བུ་ཕྲུག་སློབ་གྲྭ་གང་འགྲིམ་གྱི་ཡོད་མེད། འཚོ་བའི་ཐད་དཀའ་ཁག་གནད་དོན་གང་ཐུག་ཡོད་མེད་སོགས་ཤེས་རྟོགས་བྱས་པ་མ་ཟད། གནས་ཚུལ་དག་ཟིན་བྲིས་ཐོག་བཀོད་ནས་སློབ་གསོ་ཁྲིད་སྟོན་སྒོས། ཕན་ཚུན་སེམས་གཏམ་གླེང་རེས་བྱས་པས། ཡུལ་མི་ཚོའི་སེམས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མྱོང་ཚོར་གང་ལེགས་ཐུབ་ཡོད་པ་རེད།

བགྲེས་སོང་གནམ་སྐར་གྱིས་གསར་འགོད་པར། དེ་སྔོན་ཡིན་ན། ལས་བྱེད་པ་ང་ཚོ་དང་རྒྱང་ཐག་རིང་པོ་ཆོད་ཡོད་པའི་སྣང་བ་ཡོད། ད་ལྟའི་ཆར། གྲོང་སྡོད་ལས་དོན་རུ་ཁག་ནི་རང་ཁྱིམ་གྱི་སྤུན་མཆེད་ནང་བཞིན་ཡག་པོ་འདུག སྐད་ཆ་ག་རེ་ཡོད་ཀྱང་ཁོང་ཚོར་ཤོད་སྙིང་འདོད་ཀྱི་འདུག་ཅེས་གསུངས། དེ་ལས། ཏང་ཡོན་དང་མང་ཚོགས། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་གཏུག་ནི་ཕན་ཚུན་སེམས་གཏམ་ཤོད་རེས་ཁྲོད་དུ་འབྲེལ་འདྲིས་ཇེ་ཟབ་ཏུ་སོང་བ་ནི་སྨོས་ག་ལ་དགོས།

དམ་པ་དོན་གཉེར་ཐོག་ནས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ།

ཁྱིམ་བཅར་ནི་དམིགས་ཡུལ་མིན། དཀའ་ཁག་གནད་དོན་ཐག་གཅོད་བྱ་རྒྱུ་ནི་འགག་རྩ་རེད། གྲོང་སྡོད་ལས་དོན་རུ་ཁག་གིས་ཕྱོགས་ཡོངས་ནས་གྲོང་ཚུལ་དམངས་འདུན་རྒྱུས་མངའ་ཐུབ་པ་བྱས་ཏེ། བསྡུ་ལེན་བྱས་པའི་ཆ་འཕྲིན་དག་དབྱེ་གསེས་བརྒྱུད། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་དང་དཀའ་ཁག་གནད་དོན་ལ་དམིགས་ཏེ་ཐབས་བསྟར་ཇུས་འདོན་བྱས་པས། དམངས་སེམས་དྲོ་བར་བྱས་ཡོད་པ་རེད།

ཡུལ་མི་དཀར་ཏོག་ཁྱིམ་གྱི་དཀའ་ངལ་དག་གྲོང་སྡོད་ལས་དོན་རུ་ཁག་གིས་སེམས་ཁུར་ཆེ་ཤོས་བྱེད་སའི་གྲས་ཤིག་རེད།

དཀར་ཏོག་ཁྱིམ་ལ་ཁྱིམ་མི་བཞི་ཡོད་པ་དང་། བུ་ཕྲུག་གཉིས་སློབ་གྲྭ་ཐོན་རྗེས་ད་བར་ལས་ཀ་མི་རག་པར་ལུས་ཡོད། དེའི་ཁར། ཁྱིམ་གྱི་དཔལ་འབྱོར་གནས་ཚུལ་ཡག་པོ་དེ་ཙམ་མེད་རྐྱེན། ཕྲུ་གུའི་ལས་ཞུགས་གནས་ཚུལ་ནི་ཁྱིམ་མི་ཚང་མས་སེམས་ཁྲལ་བྱེད་ཡུལ་དུ་འགྱུར། བུ་ལགས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། འཕྲལ་མར་གཅེས་སེམས་ཡོད་མཁན་ཁེ་ལས་ཚོ་དང་འབྲེལ་གཏུག་བྱས་ཏེ། ལས་གནས་དགོས་མཁོ་དང་ལས་འཚོལ་འོས་སྦྱོར་འཐུས་ཤོར་མེད་པ་བྱས་མཐར། དཀར་ཏོག་གི་བུ་མོ་ཚེ་སྒྲོན་ལ་འཚམ་པའི་ལས་ཞུགས་ལས་གནས་ཤིག་བརྩོན་ལེན་ཐུབ་ཡོད་པ་རེད།

དཀར་ཏོག་གིས། ད་ལྟ་ཕྲུ་གུར་ལས་ཀ་གཏན་འཇགས་ཤིག་རག་པས། ཁྱིམ་གྱི་ཁུར་བུ་ཡང་དུ་ཕྱིན་སོང་། གྲོང་སྡོད་ལས་དོན་རུ་ཁག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སེམས་འགུལ་ཐེབས་པའི་སྒོ་ནས་བརྗོད།

དབང་སྐྱོན་བྱུང་བའི་ཡུལ་མི་དབང་ཕྱུག་གི་འཚོ་བ་ལའང་གྲོང་སྡོད་ལས་དོན་རུ་ཁག་གི་ཐུགས་ཁུར་འོག་སྔར་བས་གསོན་ཉམས་དང་ལྡན་པ་འགྱུར་ཡོད། དབང་ཕྱུག་ཁྱིམ་ལ་ངལ་རྩོལ་ནུས་ཤུགས་དཀོན་སྟབས། རྒྱུན་གཏན་འཚོ་བའི་ནང་སྟབས་བདེ་མེད་པ་རེད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་རང་འགུལ་ངང་ཁོ་པའི་ཁྱིམ་ལས་རང་ཁྱིམ་ལས་ཀར་བརྩིས་ཏེ། རྒྱུན་པར་འབྲས་དང་། གྲོ་ཞིབ། བཟའ་སྣུམ་བཅས་མཁོ་སྒྲུབ་བྱས་ནས་ཁོ་པར་བསྐྱལ་གྱི་ཡོད་པ་མ་ཟད། ཁྱིམ་ལས་ལས་རོགས་བྱས་པས། ཁོ་པའི་འཚོ་བར་དྲོ་སྐྱིད་ཚད་མེད་སྦྱིན་ཡོད། དབང་ཕྱུག་གིས། ཁོང་ཚོ་ནི་ངའི་སྤུན་མཆེད་ལས་ལྷག་པ་འདུག ཁོང་རྣམ་པ་ངའི་ཁྱིམ་ལ་ཕེབས་རིམ་བཞིན་སེམས་ལ་དྲོ་སོབ་སོབ་ཀྱི་སྣང་བ་རང་ཤུགས་སུ་སྟེར་གྱི་འདུག་ཅེས་བརྗོད།དམངས་ཀྱི་སེམས་འདུན་ནི་གྲོང་སྡོད་ལས་དོན་རུ་ཁག་གིས་དོ་ཁུར་བྱ་ཡུལ་གཙོ་བོ་དེ་རེད།

སྡེ་ཁུལ་ནང་བགྲེས་སོང་མི་ཉུང་བ་ཞིག་ཚེ་གང་ལྷ་སར་འགྲོ་མི་ཉུང་བའི་གནས་ཚུལ་དེར་དམིགས་ཏེ། གྲོང་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་འགྲོ་གྲོན་གྲབས་གསོག་བསྡུ་བསྒྲིལ་བྱས་ཐོག སྡེ་ཁུལ་བགྲེས་སོང་12སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་ཕོ་བྲང་པོ་ཏ་ལ་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ནོར་བུ་གླིང་ག་སོགས་སུ་ལྟ་སྐོར་ལ་ཁྲིད་པ་རེད། བགྲེས་སོང་ཚོས་གྲལ་བསྟར་འགྲིག་ཅིང་འགྱིང་ངེར་གནས་པའི་ལྷ་སའི་བ་གམ་དང་། ཡངས་ཤིང་རྒྱ་ཆེ་ལ་ཕྱོགས་བཞི་མཚམས་བརྒྱད་དང་སྦྲེལ་མཐུད་པའི་གཞུང་ལམ་དག་མཐོང་དུས། སེམས་ནང་བརྗོད་ཀྱིས་མི་ལང་བའི་མྱོང་ཚོར་མང་པོ་གླེང་། ཁོང་རྣམ་པ་ཚོས། དེ་ཚོ་ས་ཡུལ་དངོས་ནས་མཐོང་དུས། བརྙན་འཕྲིན་ནང་ནས་མཐོང་བ་ལས་བརྗིད་ཆེ་བ་འདུག བསམ་ཡུལ་ལས་འདས་པ་ཞིག་ནི་བོད་ལ་འཕོ་འགྱུར་གནམ་ས་བླ་འོག་ལྟ་བུ་བྱུང་བ་དངོས་སུ་མཐོང་བའི་གོ་སྐབས་རག་པ་ནི། གྲོང་སྡོད་ལས་དོན་རུ་ཁག་གི་དྲིན་རེད། དངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གླེང་།

སྡེ་ཁུལ་གྱི་བགྲེས་སོང་ཚོར་དོ་ཁུར་བྱས་པ་ཕུད། གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་སྡེ་ཁུལ་གྱི་དབང་སྐྱོན་མི་སྣའི་དགོས་མཁོར་མཐོང་ཆེན་བྱེད་ཀྱི་ཡོད། ཁེ་སྨད་སྡེ་ཁུལ་དུ་དབང་སྐྱོན་མི་སྣ་ཅུང་མང་བའི་གནས་ཚུལ་ལ་དམིགས་ཏེ། གྲོང་སྡོད་ལས་དོན་རུ་ཁག་གིས་རང་རྟོགས་ངང་ཁྲ་འབྲུག་གྲོང་རྡལ་སྲིད་གཞུང་དང་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་གཉིས་དང་མཐུན་སྦྱོར་བརྒྱུད། རྣམ་གྲངས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་སྒོས། དབང་སྐྱོན་མི་སྣའི་ཁྱིམ་མམ་དབང་སྐྱོན་སྔོན་འགོག་ས་ཚིགས་ལ་འབོད་པའི་རྣམ་གྲངས་དེ་སྒྱུར་བཀོད་རིམ་སྤོར་ཡོང་བའི་རེ་ཞུ་ཕུལ་བ་བརྒྱུད། མ་དངུལ་སྒོར་ཁྲི་36རག་པ་རེད། རྣམ་གྲངས་དེ་བསྐྲུན་ཚར་རྗེས། སྡེ་ཁུལ་གྱི་དབང་སྐྱོན་མི་སྣར་ལུས་ཁམས་སླར་གསོའི་སྦྱོང་བརྡར་དང་ལག་རྩལ་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་ཐུབ་རྒྱུ་ཡིན་པ་རེད།དེ་མིན། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་ཡུལ་མིའི་ཁྱིམ་ལ་བཅར་རིམ་བཞིན། གཅེས་སེམས་ཡོད་མཁན་ཁེ་ལས་དང་འབྲེལ་གཏུག་བྱེད་པའམ་རང་རང་སོ་སོའི་སྦ་ཁུག་དཀྲོག་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་འཚམས་འདྲིའི་དངུལ་སྤྲོད་ཀྱི་ཡོད་པ་རེད། བསྡོམས་རྩིས་བྱས་ན་འཚམས་འདྲིའི་མ་དངུལ་སྒོར་ཁྲི་2.2ཙམ་ཟིན། མིག་སྔའི་བར། གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གནད་དོན་10ཙམ་ཐག་གཅོད་བྱས་ཤིང་། རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་མང་ཚོགས་ཚོར་དྲོ་སྐྱིད་ཚོར་བ་བྱས་ཡོད་པ་རེད།

ཐོན་ལས་ཀྱི་སྒུལ་ནུས་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ལ་འགན་སྲུང་བྱས་པ།

མང་ཚོགས་ལ་འབབ་འཕར་རྒྱུན་མཐུད་ཡོང་བ་བྱེད་རྒྱུ་ནི། ཐོན་ལས་འཕེལ་རྒྱས་གཏོང་བའི་འགག་རྩ་རེད། དམངས་འཚོའི་བྱ་བ་དངོས་བསྒྲུབས་པ་དང་འབྲེལ། གྲོང་སྡོད་ལས་དོན་རུ་ཁག་གིས་ཕུགས་ལ་མིག་རྒྱང་སྲིང་སྟེ། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩའི་འདེགས་སྐྱོར་ལ་བརྩིས་ཤིང་། ས་གནས་དེ་གའི་ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས། ཀྲེ་པུའུ་དང་། མཉམ་ལས་ཁང་། ཏང་ཡོན། ཞིང་ཁྱིམ་བཅས་ཕན་ཚུན་མཉམ་འགུལ་རྣམ་པའི་འཕེལ་རྒྱས་ཀྱི་དཔེ་གཞི་འཚོལ་ཞིབ་བྱས་མཐར། གྲོང་གསེབ་དར་རྒྱས་ཆེད་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།

གྲོང་སྡོད་ལས་དོན་རུ་ཁག་གིས་ས་ཞིང་གཅིག་གྱུར་བོགས་གཏོང་ལ་ཁྲིད་སྐུལ་བྱས་ཏེ། ཞིང་དུད་སྒྲིག་འཛུགས་བྱས་ནས་ཁོངས་འབྲེལ་ལས་གཞི་ལག་བསྟར་བྱས་ཐོག འདེབས་འཛུགས་ཚན་རིག་དང་མཐུན་པའི་ལག་རྩལ་ནང་འདྲེན་བྱས་པས། ནས་དང་དགུན་གྲོ་སོགས་ཀྱི་ལོ་ཏོག་གི་ཐོན་སྐྱེད་རྐྱང་མའི་ཐོན་འབབ་དང་སྤུས་ཚད་མཐོར་འདེགས་ནུས་ལྡན་བྱུང་ཡོད་པ་རེད། ཡུལ་མི་བློ་བཟང་གིས། དེ་སྔོན་ཡིན་ན་རང་ཁྱིམ་གྱི་མུའུ་འགའ་ལས་མེད་པའི་ས་ཞིང་གི་རྨོ་འབྲས་ཡག་ཉེས་གནམ་ཆུ་ཁོ་ནར་སྒུག་ནས་སྡོད་དགོས་ཀྱི་ཡོད། ད་ལྟའི་ཆར། མཉམ་ལས་ཁང་གི་རྗེས་སུ་འབྲངས་ནས་ཐོན་ལས་དར་རྒྱས་གཏོང་བའི་ནང་ཞུགས་སྟབས། ལག་རྩལ་མཛུབ་སྟོན་ཡོད་པའི་ཁར། ཐོན་འབབ་ཀྱང་བརྟན་པོ་འདུག་ཅེས་གླེང་།

ཐོན་འབབ་ཡག་ཀྱང་ཕྱིར་འཚོང་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཕྱིར། གྲོང་སྡོད་ལས་དོན་རུ་ཁག་གིས་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། ལྷ་ས་དང་། ཆབ་མདོ། ནག་ཆུ་སོགས་ས་གནས་ཀྱི་རིམ་མཐོའི་ཚོང་ལས་དང་། ཞིང་ལས་ཐོན་ཟོག་འགྲེམས་ཚོང་བཅས་དང་དུས་ཡུན་རིང་པོའི་མཉམ་ལས་ཀྱི་འབྲེལ་བ་བཙུགས་པས། ཐོན་འབབ་ཕྱིར་འཚོང་ཐབས་ལམ་ཡངས་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། སྡེ་ཁུལ་གྱི་བོད་ལྷོའི་རོང་སའི་མཉམ་ལས་ཁང་གིས་ད་དུང་གཅིག་གྱུར་ཕྱིར་འཚོང་བརྒྱུད། ཞིང་ཁྱིམ་ལ་ཁེ་གཙང་སྒོར་ཁྲི254བགོ་འགྲེམས་རག་པས། གྲོང་མི་ཚོར་ཐོན་ལས་འཕེལ་རྒྱས་ཁྲོད་ནས་ཁེ་གཙང་ལོངས་སྤྱོད་ཐུབ་ཡོད་པ་རེད།

བུ་ལགས་ཀྱིས། ཚང་མའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་འགྱུར་བ་མཐོང་དུས། ངོ་གདོང་ནས་འཛུམ་མདངས་འཕྱུར་གྱིན་རང་ཉིད་ཀྱི་འབད་བརྩོན་ཆུད་ཟོས་སུ་ཕྱིན་མ་སོང་ཞེས་མྱོང་ཚོར་ཟབ་མོས་གླེང་། ཉིན་བརྒྱའི་གྲོང་འཇུག་ཁྱིམ་བཅར་གྱི་རྟོག་ཞིབ་ཆེ་མོར་འབོད་པའི་བྱེད་སྒོ་སྤེལ་བ་ནི། གྲོང་སྡོད་ལས་དོན་རུ་ཁག་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་བརྗིད་ཆེའི་ལས་འགན་ལག་ཏུ་ལེན་པའི་གསོན་ཉམས་དོད་པའི་མཆན་འགྲེལ་ཞིག་ཡིན་ལ། དེ་བས་ནི་ཁེ་སྨད་སྡེ་ཁུལ་གྱི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་ཞིག་བཏིང་པ་ཞིག་ལགས།

ད་ལྟའི་ཆར། ཁེ་སྨད་སྡེ་ཁུལ་དུ་བསྐྱོད་ཙ་ན། བཀོད་པ་གཙང་བའི་གྲོང་ཚོའི་རྣམ་པ་དང་། སྐྱེ་འཚར་ལེགས་པའི་ལོ་ཏོག འཛུམ་མདངས་འཕྱུར་བའི་མང་ཚོགས་ཀྱི་ངོ་གདོང་སོགས་ལས། མང་ཚོགས་ཀྱི་སྐྱིད་ཚོར་ཟབ་མོ་རང་ཤུགས་ནས་རྟོགས་ཐུབ། བུ་ལགས་ཀྱིས། ཐོག་མར་མང་ཚོགས་དང་འབྲེལ་འདྲིས་མེད་པ་ནས། ད་ལྟའི་ཆར་གྲོང་མི་ཚོའི་མིང་ལ་གང་ཟེར་གྱི་ཡོད་མེད་ཐོགས་མེད་ལབ་ཐུབ་པའི་ཁར། ཁྱིམ་ཚང་སོ་སོའི་གནས་ཚུལ་དང་དཀའ་ངལ་ག་རེ་ཡོད་མེད་ཀྱང་གཅིག་གཅིག་གཉིས་གཉིས་དྲངས་ཀྱང་ཐུབ་ཀྱི་ཡོད། དེ་ཚོ་ནི་གྲོང་འཇུག་ཁྱིམ་བཅར་རིང་། མང་ཚོགས་ཀྱི་ཐེམ་སྒོ་རེ་རེ་བཞིན་འགྲིམས་ནས་དམངས་ཀྱི་བྱ་བ་ཆེ་ཆུང་མེད་པར་ལས་དོན་རུ་ཁག་གི་དོན་ཆེན་ལ་བརྩིས་ནས་སེམས་ནུས་ཡོད་རྒུས་ཞབས་ཞུ་བསྒྲུབས་པའི་དྲིན་རེད།

གོམ་སྟབས་རྗེས་མར། ཏང་གི་གསུང་སྒྲ་དང་གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱས་ཏེ། དེ་བས་ལག་ལེན་བསྟར་བདེ་བའི་བྱ་ཐབས་སྤྱད་ནས་གྲོང་གསེབ་དར་རྒྱས་ཆེད་སྟོབས་ཤུགས་འཛད་མཐའ་མེད་པ་ཆིག་འགྲིལ་ཐུབ་རྒྱུར་བརྩོན་ནས། ཁེ་སྨད་སྡེ་ཁུལ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མི་འདས་པར་ཇེ་ཡག་ཏུ་འགྲོ་རྒྱུར་འབད་རྒྱུ་ཡིན་ཞེས་བརྗོད།གྲོང་འཇུག་ཁྱིམ་བཅར་ཐོག་གནས་ཚུལ་མཐིལ་རྟོགས་ནས་དམངས་ཆེད་དཀའ་ངལ་སེལ་རོགས་ཀྱི་བར་དང་། ཐོན་ལས་འཕེལ་རྒྱས་གཏོང་བ་ནས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བར། གྲོང་སྡོད་ལས་དོན་རུ་ཁག་གིས་འབད་འབུངས་དང་བློ་རིག་ལ་བརྟེན་ནས། ཁེ་སྨད་དུ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ད་ལྟའི་ཆར། ཁེ་སྨད་ནི་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་བདེ་སྡོད། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར་བཅས་ལ་ཕྱོགས་ཏེ། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་གོམ་ཞེང་ཆེན་པོས་སྐྱོད་དང་བསྐྱོད་མུས་སུ་མཆིས་སོ། །

ཡེ་བཟང་དང་བདེ་དཔལ་གྱིས་ཞུས།

放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
ཁེ་སྨད་སྡེ་ཁུལ་སྐྱིད་པ། ལས་དོན་རུ་ཁག་ཡག་པ།