ཉེ་ཆར། རྒྱ་ཚྭ་རྫོང་གི་ལུས་རྩལ་ཐང་ཆེན་ཐོག་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་། གཟིགས་མོ་བ་ཚོའི་ཀི་སྒྲས་གནམ་ས་གེབས། དེ་ཉིན། རྒྱ་ཚྭ་རྫོང་གི་གངས་ལྗོངས་དབྱར་རྩྭ་དགུན་འབུ་བུམ་པར་འབོད་པའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། སྤྱི་ཟླ་9པའི་ཚེས་19ཉིན་བར་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད། འགྲན་བསྡུར་ནང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་རུ་ཁག་དང་། ལྷ་ས་གྲོང་ཁྱེར་ཁྱེར་ལྷུན་གྲུབ་རྫོང་དང་མལ་གྲོ་གུང་དཀར་རྫོང་། སྟག་རྩེ་རྫོང་སོགས་ལྗོངས་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་16གདན་ཞུ་བྱས་ནས། ཡུལ་ལྗོངས་ལྟ་ན་སྡུག་པའི་དྭགས་ཡུལ་རྒྱ་ཚྭར་སྤྲོ་སེམས་ཆེན་པོས་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་ངོ་མཚར་གཏམ་རྒྱུད་ཅིག་རྩོམ་རྒྱུ་ཡིན་པ་རེད།
རྒྱ་ཚྭ་རྫོང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བརྗོད་དོན། དུས་ཡུན་རིང་མོའི་ནང་། རྒྱ་ཚྭ་རྫོང་གིས་ལུས་རྩལ་སྟེགས་བུ་སྣེ་མང་བསྐྲུན་ཐོག རྨང་གཞིའི་སྒྲིག་བཀོད་འཐུས་ཚང་འཛུགས་སྐྱོང་དང་ལུས་རྩལ་འགྲན་རའི་ལན་པར་བཏོད་པ་སོགས་བརྒྱུད། རིག་གནས་ལུས་རྩལ་བྱ་གཞག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དུས་མཉམ་ཡར་ཐོན་ལ་བརྩོན་ཡོད་ཅེས་བརྗོད། ལུས་རྩལ་ཐང་ཆེན་ཕྱི་རོལ་དུ་རྒྱ་ཚྭའི་ཁྱད་ལྡན་ཐོན་ཟོག་དབྱར་རྩྭ་དགུན་འབུ་དང་། ལག་ཤེས་བཟོ་རྩལ། ཤིང་འབྲས་ཁམ་སྟར། སུར་པན་སོགས་ཀྱི་འགྲེམས་འཚོང་ཁུལ་དང་ལྗགས་སྨིན་ཁྲོམ་ལམ་བཀོད་སྒྲིག་བྱས་ཡོད་ཅིང་། འགྲན་ཞུགས་རུ་མི་དང་གཟིགས་མོ་བ་ཚོས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ངོ་མཚར་ལ་མྱོང་རོལ་དང་སྦྲགས། ཕྱོགས་ཡོངས་ནས་རྒྱ་ཚྭའི་ཐུན་མིན་མཛེས་ལྗོངས་ལ་ཉམས་ལེན་ཐུབ་པའོ།། བསོད་དོན་གྱིས་བསྒྱུར། བསོད་བདེ་ཡེས་ཞུས།
རྩ་གཉིས་ཨང་རྟགས་བཤེར་ནས་ལྷོ་ཁའི་འགྲེམས་བསྒྲགས་འཕྲིན་སྟེགས་ལ་དོ་ཁུར་མཛོད།