第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2025年9月12日 星期
下一篇 4 放大 缩小 默认
ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྐྱེ་ཁམས་ལྗང་མདོག་ལས་རྒྱང་ལམ་གསར་པ་བཏོད།
ཡེ་ཤེས་བཟང་མོས་བསྒྱུར།
 

དེ་སྔའི་དབུལ་ཕོངས་ནས་ད་ཆ་ལས་རིགས་སྣ་ཚོགས་དར་རྒྱས་གོང་འཕེལ་འགྲོ་བའི་བར་དང་། དེ་སྔ་ཆ་རྐྱེན་ཞན་ཅིང་འཚོ་གནས་དཀའ་བ་ནས་ད་ཆ་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བའི་བར། ལོ་ངོ་དྲུག་ཅུའི་རིང་གི་དཀའ་སྤྱད་འབད་བརྩོན་ཁྲོད་གྲ་ནང་རྫོང་གི་སྐྱེ་ཁམས་འཛུགས་སྐྱོང་ལ་གྲུབ་འབྲས་དང་འཕེལ་རྒྱས་མངོན་གསལ་དོད་པོ་ཐོབ་ཡོད། ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་གྲ་ནང་རྫོང་གིས་ལོ་ངོ་དྲུག་ཅུའི་རིང་མཛེས་སྡུག་ལྡན་པའི་འཕོ་འགྱུར་མངོན་འགྱུར་བྱུང་ཡོད་པ་སྟེ། སྤྱི་ཚོགས་ཀྱི་རྣམ་པ་རྗེས་ལུས་ནས་སྒོ་དབྱེ་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་པ་དང་། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ནས་ལྗང་མདོག་གནས་སྡོད་ལ་འཚམ་པའི་བར། ཐོན་ལས་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར། སྐྱེ་ཁམས་བཟང་བ་བཅས་ཀྱི་རྣམ་པ་མངོན་བཞིན་ཡོད། གྲ་ནང་རྫོང་རྔ་སྒྲ་ཤང་བོད་ལྗོངས་མྱ་ངམ་ཐང་གི་ཞིང་སའི་“སྐྱེ་དངོས་བཟོ་གྲྭའི”ནང་དྲོད་ཚད་གཏན་འཇགས་ཀྱི་ཁོར་ཡུག་ཁྲོད་ལྗང་མདོག་གི་མྱུ་གུ་རྐང་རེ་རེ་སྐྱེ་འཚར་བྱུང་བཞིན་ཡོད། དེ་སྔ། རྔ་སྒྲ་ཤང་གི་ཉི་ནུས་དྲོད་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་ཐན་པ་དང་ས་གཤིས་ཞན་པའི་རྐྱེན་གྱིས་ས་ཆ་མང་པོ་ཞིག་ཡུན་རིང་བེད་མེད་དུ་ལུས་ཡོད། 2019ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཁེ་ལས་ནང་འདྲེན་བྱས་ཏེ་མྱ་ངམ་ཐང་དེའི་ཐོག་དེང་རབས་ཞིང་ལས་གསར་འབྱེད་བྱེད་འགོ་ཚུགས། ཁེ་ལས་ཀྱི་འགན་འཁུར་མི་སྣས། ང་ཚོས་ས་གནས་དེ་གའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དངོས་ཟོག་དྲ་སྦྲེལ་དང་སྐྱེ་དངོས་ལག་རྩལ་སོགས་དེང་རབས་ཚན་རྩལ་ལ་བརྟེན་ནས“སྐྱེ་དངོས་བཟོ་གྲྭ”དེ་བསྐྲུན་ཏེ་ས་རྒྱུ་དང་གནམ་གཤིས་ལ་བརྟེན་མི་དགོས་པའི་ཆ་རྐྱེན་འོག་ཐོན་མཐོ་དང་། སྤུས་ལེགས། བདེ་འཇགས་བཅས་ཀྱི་ཞིང་ལས་ཐོན་སྐྱེད་མངོན་འགྱུར་ཐུབ་ཡོད། བཟོ་གྲྭར་ས་ཆ་མུའུ་170ཡོད་པ་དང་ཆེད་ཁེ་དང་མཉེན་ཆས་ཐད་ཀྱི་བརྩམས་ཆོས་བྱ་དགའ་54ཐོབ་པ་མ་ཟད། སློབ་གླིང་མང་པོ་དང་མཉམ་ལས་བྱས་ནས་ལག་རྩལ་གཞན་སྒྱུར་ལ་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས། ཁེ་ལས་ཀྱིས་རྡོག་ཆུང་ཀྲོ་མ་ཀྲུ་ཐོན་རྫས་གཙོ་བོར་བྱས་ཏེ་ས་མེད་འདེབས་གསོའི་ལག་རྩལ་སྤྱད་དེ། ཆུ་ཐོག་སྐྱེ་འཕེལ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་རིག་ནུས་ཆུ་ལུད་མ་ལག་བརྒྱུད་རྩིས་འཁོར་གྱིས་རང་འགུལ་ངང་དྲོད་ཚད་དང་། འོད་འཕྲོ། འཚོ་བཅུད་གཤེར་ཁུ་སོགས་གཙོ་བོ་སྙོམས་སྒྲིག་བྱས་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱས་ཡོད། ད་ཆ། ཁེ་ལས་ཀྱིས་ལོ་རེར་སྤུས་ཚད་མཐོ་བའི་རྡོག་ཆུང་ཀྲོ་མ་ཀྲུ་ཀྲོན་2000ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། ཐོན་རྫས་དེ་དག་ལྷ་ས་དང་ཀོང་ཀྲོའུ། ཐ་ན་ཤང་ཀང་དང་ཨའོ་མོན་ཁུལ་དུ་བྲིན་འཚོང་བྱེད་ཀྱི་ཡོད། བཟོ་གྲྭས་ས་གནས་དེ་གའི་ས་ཞིང་འཁོར་རྒྱུག་བྱས་ནས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་3ལྷག་ཙམ་སྤྲོད་པ་དང་འབྲེལ། ཞིང་འབྲོག་པ་23ལས་ཞུགས་བརྟན་པོ་ཐུབ་པ་དང་མི་རེའི་ཆ་སྙོམས་ཟླ་རེའི་གླ་ཕོགས་སྒོར་5000ཙམ་ཟིན་གྱི་ཡོད། ཐག་མི་རིང་བའི་གྲ་ནང་རྫོང་གི་ཀླུད་ཀྲེ་ཡོན་དེང་རབས་ཞིང་ལས་རྟེན་གཞིར་ཡང་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། རྟེན་གཞི་དེས་བྱེ་ས་ལེགས་བཅོས་དང་དེང་རབས་སྒྲིག་བཀོད་ཞིང་ལས་ལ་གཞོལ་ནས་མིག་སྔར་བྱེ་འགྱུར་ས་ཆ་མུའུ་1200ལྷག་ཙམ་ལེགས་བཅོས་ལེགས་གྲུབ་བྱུང་བ་དང་། རིག་ནུས་ཤེལ་ཁང་ཆེ་མོ་དང་དེ་བཞིན་ཡུག་འབྲེལ་དྲོད་ཁང་ཆེ་མོ་18 འཐུ་ཁང་20བསྐྲུན་པ་མ་ཟད། གྲང་སྦྲེལ་ཟོག་འགྲེམས་ཁག་བགོས་ཕྱོགས་བསྡུས་དང་འཐུས་སྒོ་ཚང་བའི་འགྲོ་ལམ། ཆུ་གློག་བཅས་སྒྲིག་བཀོད་ཆ་ཚང་སྒྲིག་སྦྱོར་བྱས་ནས་དེང་རབས་ཞིང་ལས་ཀྱི་མཁོ་དགོས་རྨང་གཞི་བཏིང་ཡོད་པ་རེད། རྟེན་གཞིས་རྒྱུན་མཐུད་ངང་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་སུ་བཏང་ནས་“ཡར་གཙང་འདམ་མྱུག”དང་“ཡར་གཙང་སུར་པན་”སོགས་སྐྱེ་འཚར་ལ་འཚམ་པའི་སྣ་ཁ་ལེགས་འདེམས་བྱས་ཡོད། ཉེ་བའི་ལོ་ཤས་རིང་། གྲ་ནང་རྫོང་གིས་རྫོང་དེ་ཡོངས་ཀྱི་དོན་དངོས་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཚོང་འགུགས་མ་འདྲེན་དང་སྲིད་ཇུས་ཀྱི་རོགས་སྐྱོར། ས་རྒོད་སློག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། སྔ་རྗེས་སུ་ནང་སོག་གི་དབྱི་ལི་ཐོན་ཁུངས་ཚོགས་པ་དང་། མོང་ཚའོ་ཚོགས་པ། ཅང་ཡ་སྐྱེ་དངོས། ཀླུད་ཀྲེ་ཡོན། ཤིས་ཕུའུ་ཞིང་ལས། མྱ་ངམ་ཐང་གི་ཞིང་གྲོང་སོགས་ལྗང་མདོག་འཕེལ་རྒྱས་ཐོན་ལས་ནང་འདྲེན་བྱས་ནས་གྲ་ནང་རྫོང་དུ་ཐོ་འགོད་གཞིས་ཆགས་བྱས་པ་དང་འབྲེལ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཡོད། གྲ་ནང་རྫོང་དབང་པོ་སྐྱོན་ཅན་ལས་ཞུགས་རྟེན་གཞིའི་ལས་སྣོན་འཁོར་ཁང་དུ་ལས་མི་ཚོས་བྱང་ཆུབ་པའི་སྒོ་ནས་དྲས་གཏུབ་དང་འཚེམ་བཟོ། དབུར་ཏི་རྒྱག་བཞིན་ཡོད་པ་དང་། ལས་རིམ་དེ་དག་བརྒྱུད་ནས་ཐོན་པའི་ཐོན་རྫས་སྒམ་ནང་གྲལ་འགྲིག་པོའི་ངང་བསྒྲིགས་ནས་བཞག་ཡོད། བྱང་ཆུབ་པའི་ལས་རིམ་དེ་ནི་རྟེན་གཞིས་ཁྱབ་གདལ་བཏང་བའི་“གསོ་སྦྱོང་+”གཉེར་སྐྱོང་བྱེད་སྟངས་ལས་བྱུང་བ་ཞིག་ཡིན་པ་དང་། དབང་པོ་སྐྱོན་ཅན་ཚོས་རྩལ་ནུས་ཁོང་དུ་ཆུད་རྒྱུར་རོགས་རམ་བྱས་པ་མ་ཟད་ད་དུང་“གསོ་སྦྱོང་+མངགས་ཐོ་”ཡི་བྱེད་ཐབས་བརྒྱུད་ཁོང་ཚོར་ལས་ཞུགས་ལས་གནས་བརྟན་པོ་ཞིག་མཁོ་འདོན་བྱས་ཏེ་བཅོལ་གསོ་དང་ལས་ཞུགས་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱུང་ཡོད། གོང་དཀར་རྫོང་ནས་ཡོང་བའི་ཐུབ་བསྟན་ཡེ་ཤེས་སེམས་ཁམས་དང་སྨྱོ་འབོག་ནད་ཀྱིས་རྐྱེན་པས་སྐབས་ཤིག་རིང་ངལ་རྩོལ་ནུས་པ་ཤོར་བ་རེད། 2019ལོར། ལྷོ་ཁ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འོས་སྦྱོར་འོག ཁོ་པ་དང་ཁོ་པའི་པ་ཕ་རྟེན་གཞི་དེར་ལས་ཀ་བྱེད་པར་ཡོང་བ་རེད། རྟེན་གཞིའི་ལྟ་སྐུལ་པ་ཚེ་རིང་བསམ་གྲུབ་ཀྱིས། མིག་སྔར་ང་ཚོར་དབང་པོ་སྐྱོན་ཅན་གྱི་ལས་མི་20ལྷག་ཙམ་ཡོད་པ་དང་། འདི་གར་ལག་རྩལ་སློབ་ཁྲིད་བྱེད་པ་མ་ཟད་ཁོང་ཚོས་རང་ཉིད་ཀྱི་བློ་གྲོས་ངོམས་སྟོན་བྱེད་པའི་ལས་སྟེགས་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས། པ་སངས་ཟླ་བར་ཡང་རྟེན་གཞི་དེ་ནས་ལས་ཞུགས་མངོན་འགྱུར་བྱུང་ཡོད། ཁོང་གིས། འདི་གར་ཐོབ་ཆ་ཡག་པོ་ཡོད་པའི་ཁར། ལག་རྩལ་སློབ་ཀྱི་འདུག ཟ་སྡོད་ཐད་ལ་ཡང་སེམས་ཁྲལ་བྱེད་དགོས་མི་འདུག་ཅེས་བཤད། ཚེ་དབང་རྒྱལ་པོ་ནི་རྐང་ལག་སྐྱོན་ཅན་ཡིན་པའི་དབང་གིས་དེ་སྔ་ཁྱིམ་དུ་ལས་ཀ་ཙག་ཙིག་ལས་བྱེད་མི་ཐུབ་པས་འཚོ་བའི་ཐད་དཀའ་ངལ་ཆེན་པོ་ཡོད། རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་འོག ལོ་བརྒྱད་གོང་ལ་ཁོ་པ་ཡང་ག་གྲོང་ཚོའི་མཉམ་ལས་ཁང་དུ་ལས་ཀ་བྱེད་པར་ཡོང་བ་དང་ད་ཆ་ཟླ་རེར་ཡོང་འབབ་སྒོར་8000ཙམ་ཡོང་གི་ཡོད་པས། ལས་ཀ་དཀའ་ལས་ཁག་པོ་མེད་ལ་ཁྱིམ་དང་ཐག་ཉེ་བས་ད་དུང་ཁྱིམ་གྱི་ལས་ཀར་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད། གྲ་ནང་རྫོང་དམངས་སྲིད་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཀྲུའུ་ཞུའེ་ཆིན་གྱིས། གོམ་སྟབས་རྗེས་མར། ང་ཚོས་མི་སྤྱི་ཚན་པ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གནས་དེ་བས་མང་བ་གསར་སྤེལ་དང་། གསོ་སྦྱོང་དང་ལས་གནས་ཀྱི་གནད་སྨིན་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་དང་། རོགས་སྐྱོར་དང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་ཚོར་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད། 2019ལོར། འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་ཆེད། བློ་གྲོང་ཚོས་མུའུ་2000གི་སྡོང་ཐུང་ཀུ་ཤུ་འདེབས་འཛུགས་བྱས་པ་དང་། 2021ལོར་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་གཙོ་བོར་བྱེད་པ་དང་། སྡོང་ཐུང་ཀུ་ཤུ་འདེབས་འཛུགས་ལྟེ་བར་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་སྐྱེ་ཁམས་གནས་གཟིགས་དང་། ཤིང་འབྲས་འཐུ་ཁུལ། ཚན་རིག་ཁྱབ་གདལ་སློབ་གསོ་སོགས་གཞི་གཅིག་ཏུ་འདུས་པའི་ཞིང་སྡེའི་ཕྱོགས་བསྡུས་སྤྲོ་གསེང་ཁུལ་བཏོད་ཡོད། 2024ལོ་ནི་གྲོང་ཚོ་ཡོངས་ཀྱི་ཡོང་འབབ་མཐོ་ཤོས་ཀྱི་ལོ་ལེགས་ལོ་ཞིག་ཡིན། ལོ་དེར་ལྷོ་བྱང་རི་བོའི་སྔོ་འགྱུར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་མ་ཟད་ད་དུང་དཔལ་འབྱོར་འབྲས་ཤིང་གི་ཁེ་སྤོགས་ཀྱང་རག་ཡོད། བློ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་བསྟན་འཛིན་གྱིས། བློ་གྲོང་ཚོས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། གྲོང་ཚོ་མཉམ་སྡེབ་དང་མཉམ་ལས་ཁང་། ཞིང་དུད་བཅས་སྣོལ་སྦྲེལ་”གྱི་བྱེད་ཐབས་སྤྱད་ནས། བེད་མེད་དུ་ལུས་པའི་ས་རྒོད་བེད་སྤྱོད་ཡག་པོ་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་། སྡོང་ཐུང་ཀུ་ཤུ་འདེབས་འཛུགས་དང་གྲོང་ཚོའི་མཉམ་ལས་ཁང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ལས་མི་65བསྡུ་འགུག་བྱས་ཡོད་ཅེས་ངོ་སྤྲོད་བྱས། མིག་སྔའི་བར། གྲ་ནང་རྫོང་དུ་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་27638གསར་འཕར་བྱུང་བ་དེའི་ནང་ལྷོ་བྱང་རི་བོའི་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། གྲ་ནང་ཁུལ་གྱི་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་ཀྱི་ངོགས་གཉིས་སུ་སྔོ་ལྗང་ཁུལ་མུའུ་25136གསར་འཕར་བྱུང་ནས་ལས་ཞུགས་མི་གྲངས་3661སྐུལ་ཁྲིད་བྱུང་བ་དང་། རིམ་རྩིས་བྱས་ན་ལས་མི་སྤྱོད་ཐེངས་ཁྲི་15.77ཟིན་པ་དང་སྔོན་དཔག་བྱས་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་5667ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད། གྲ་ནང་རྫོང་གིས་“དོན་ཆེན་བཞི་”ལ་དམིགས་པ་དང་། “འཛུགས་གཏོད་བཞི”ལ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲ་ནང་གསར་པའི་བརྗིད་ཆེའི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམས་ཐོག ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་འབུལ་རྒྱུ་ཡིན་པ་རེད།།

བསོད་བསྟན་དང་བསོད་དོན། བདེ་དཔལ་བཅས་ཀྱིས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྐྱེ་ཁམས་ལྗང་མདོག་ལས་རྒྱང་ལམ་གསར་པ་བཏོད།
དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན@