འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།སྐལ་བཟང་མེ་ཏོག་རབ་ཏུ་བཞད། མཐའ་མཚམས་སུ་གཞི་རྐང་ཚུགས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་གཏམ་བཟང་གང་སར་ཁྱབ། དེ་ཉིན་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་གྱིས་བརྒྱན་ནས་གཅིག་སྡུད་ཐོག་རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་ཀྱི་གནས་ཚུལ་ཐད་གཏོང་ལམ་ནས་བལྟས་རྗེས། མྱོང་ཚོར་ཟབ་མོ་གླེང་བ་རེད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་པར། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་ཚོར་སྤོབས་སེམས་ཆེན་པོ་སྐྱེས་པ་དང་སྐུལ་ལྕག་ཚད་ཆེད་ཐེབས་ཡོད་པ་རེད། རྟེན་འབྲེལ་ཚོགས་ཆེན་གཉེར་སར། ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་སྒྲོལ་དཀར་ལགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་ཞིང་། མཇལ་ཐེངས་འདི་རྩིས་ན་ཐེངས་གསུམ་པ་དེ་ཡིན་པ་རེད།
རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པའི་ཉིན་མོ་དེར། ཡུལ་སྨད་དུ་སྐྱ་རེངས་ཤར་མ་ཐག ལོ་45གསོན་པའི་ཟླ་དཀར་བག་གྲོས་གཟབ་མཆོར་དག་བཏོན་ནས་ལུས་ལ་ལེགས་པར་སྤྲས་པ་དང་། བཀྲག་ཆེ་བའི་གོས་ཆེན་འཚེམ་དྲུབ་ཀྱི་མཐའ་བརྒྱན་ནི་ཉི་ཟེར་འོག་སྔར་བས་ཡིད་དབང་འཕྲོག
སྔ་དྲོའི་ཆུ་ཚོད་10པ་ཏག་ཏག་ལ། གྲོང་ཚོའི་ཐང་ཆེན་ཐོག་གི་གློག་རྡུལ་འཆར་ཤེལ་ཆེ་མོ་ནས། ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་གཟབ་རྒྱས་ངང་གཉེར་འགོ་ཚུགས་པའི་རྟེན་འབྲེལ་དབྱངས་རྟ་དཀྲོལ་མ་ཐག ཡུལ་སྨད་མང་ཚོགས་ཚོས་དགའ་བསུ་ཞུ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚོའི་དགའ་སྤྲོའི་སྤུ་ལོང་ཡོངས་སུ་རྒྱས། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་འདུག་ཨང་། ཞེས་འབོད་སྒྲ་གྲགས་པ་དང་འབྲེལ། ལོ་བརྒྱད་གོང་སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་སྨད་ཤང་མང་ཚོགས་ལ་སྤྲིངས་གནང་མཛད་པའི་འཕྲིན་ཡིག་དགོངས་དོན་ཡང་སེམས་ལ་ཡང་ཡང་འཆར།
ད་ཆ་ཡུལ་སྨད་དུ། བོད་བཟོའི་ཉམས་འགྱུར་གྱིས་ཕྱུག་པའི་གྲོང་མིའི་སྡོད་ཁང་གྲལ་སྟར་འགྲིག་པ་དང་། རྒྱ་ཆེ་ལ་གཙང་སྦྲ་དོད་པ། ཁྱིམ་ཚང་ཚང་མའི་སྒོ་རྩར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཆགས་རྒྱུར་བརྩོན་བཞིན་མཆིས།
ད་ལྟའི་ཆར། ཡུལ་སྨད་དུ་ཡུལ་སྐོར་བ་དེ་བས་མང་བ་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ཉམས་སུ་མྱོང་བར་ཡོང་མཁན་ཇེ་མང་དུ་སོང་བས། གསར་དུ་བསྐྲུན་པའི་མང་ཚོགས་ཀྱི་མགྲོན་ཁང་དེ་དག་ནི་མང་ཚོགས་ཀྱི་འབབ་འཕར་བཏོད་པའི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། གྲོང་མི་ཨོ་རྒྱན་ཆོས་སྒྲོན་གྱིས་གཉེར་བའི་མགྲོན་ཁང་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ཟིན་པས། ཁོ་མོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་བླ་ལྷག་ཏུ་འཕྱུར།
རང་གནས་བརྟན་སྲུང་ནས་ཕ་ཡུལ་འོད་ཀྱིས་འཁྱིལ་བའི་བར་དང་། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་མཐུད་ངང་དར་སྤེལ་གཏོང་བཞིན་མཆིས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་མཚམས་འདིར། མཛེས་སྡུག་ལྡན་པའི་མཐའ་མཚམས་ཡུལ་སྨད་དུ། མཐའ་མཚམས་ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་སྔར་བས་བརྟན་པར་ངེས་ནས་གངས་ལྗོངས་ས་མཐོར་གཞི་རྐང་ཚུགས་ཏེ་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གསར་པ་སྐྱེས་སུ་འབུལ་དང་འབུལ་མུས་ལགས།
བསོད་དོན་གྱིས་བསྒྱུར། བསོད་བདེས་ཞུས།