第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2025年7月21日 星期
3 上一篇 放大 缩小 默认
ཆུ་གསུམ་ཤག་ལྷོ་གྲོང་ཚོ་ནས་འབྲས་དཀར་བཤད་པ་འདི་ལྟར་ཕུལ།
 

ཞོགས་པའི་ཉི་གཞོན་ཆུ་གསུམ་གྲོང་རྡལ་ཤག་ལྷོ་གྲོང་ཚོར་དྲོ་སོབ་སོབ་ངང་འཕྲོས་མ་ཐག གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཆོས་འཕེལ་གྱིས་ཚ་སྡུག་ལ་མི་འཛེམ་པར་བ་ཚང་ལ་ལྕགས་ཤོག་གཏོང་བའི་ལས་ལ་བྲེལ་བཞིན། ཐོད་པ་ནས་རྔུལ་ཆུ་ཁྲུམ་ཁྲུམ་འཛག ཁོང་གིས། ཆར་ཞོད་ཚུགས་སོང་། འབྲི་གཡག་70ཡི་ཁྱིམ་འདི་ཡག་པོ་ཞིག་མི་བསྐྲུན་ན། འགྲིག་མ་སོང་། མ་ཟད། སྤྱི་ཁྱབ་ཏང་ཀྲེ་པུའུ་ཡིས་བྱ་བ་དངོས་སྒྲུབ་རྒྱུར་སྣེ་ཁྲིད་དཔེ་མི་སྲིད་པ་གནང་གི་ཡོད་པས། ང་ཚོ་ལྟ་སྐུལ་ལས་གནས་ཀྱིས་ཀྱང་གོམ་སྟབས་རྗེས་སུ་མི་ལུས་པ་བྱེད་རྒྱུ་ཡིན་ཞེས་ཉེ་སར་གནས་པའི་སྤྱི་གླིང་འདམ་རར་གཟིགས་ཀྱིན་འདི་ལྟར་གླེང་།

བློ་མཐུན་གསར་འགོད་པ་ཕེབས་པས་ཡག་སོང་། འདི་ལོའི་ཟླ་4པར། ང་ཚོར་རྒྱལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དཔེ་མཚོན་གྱི་མཚན་སྙན་རག་བྱུང་། ལྗོངས་ཡོངས་སུ་མཚན་སྙན་འདི་རག་མཁན་ང་ཚོའི་གྲོང་ཚོ་གཅིག་པུ་རེད། ཕེབས་དང་། ཐོབ་པའི་གྲུབ་འབྲས་དངོས་ལ་གཟིགས་པར་ཕེབས་དང་ཞེས་ཤག་ལྷོ་གྲོང་ཚོའི་ཚན་རྩལ་ཆེད་སྒྲུབ་པ་བློ་བཟང་ཡོན་ཏན་གྱིས་སྤོབས་སེམས་ཆེན་པོའི་སྒོ་ནས་འདི་ལྟར་བརྗོད། ཁོ་པས། ལག་དེབ་གཅིག་ཁ་ཕྱེ་བཞིན། སྨྲ་བརྗོད་ལ་གདེང་གིས་ཁེངས་འདུག

ཤག་ལྷོ་གྲོང་ཚོའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་འདམ་རའི་ནང་སྤྲོ་གསེང་ལ་བསྐྱོད་ཚེ། ས་མཐོའི་སྐྱེ་ཁམས་ཉམས་ཤིན་ཏུ་ནས་བཟང་བ་ཞིག་རང་སར་འཆར་ཞིང་། སྔོ་སངས་ནམ་མཁའི་མཐོངས་སུ་སྤྲིན་དཀར་འཁོར་བ་དང་། གང་སར་ཁེབས་པའི་རྩྭ་ལྗང་གསེང་ནས་ཤག་ལྷོ་བས་འཚོལ་ཞིབ་བྱས་པའི་འབྱུང་འཕྲོད་འཁོར་རྒྱུག་རེས་མོས་ཞེས་པར་འབོད་པའི་དཔེ་གཞིའི་སྐྱེ་སྟོབས་གསལ། འདམ་རའི་སྤང་ལྗོངས་སྟེང་ཤ་ཤེད་རྒྱས་པའི་བཞོན་མ་དག་དགའ་བདེར་རོལ། ལྕི་བ་དག་ཐག་གཅོད་ཚན་རིག་དང་མཐུན་པ་བྱས་རྗེས་རྩྭ་ར་དང་ཞིང་ཁའི་སྐྱེད་ལྡན་རྫས་ལུད་ལ་སྤྱད་པས། སྐྱེ་ཁམས་གདུབ་ཟུམ་མངོན་འགྱུར་བྱུང་ཡོད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) བཞོན་མའི་སྐེ་དྲིལ་སྙན་མོ་དང་འགྲོགས་པ་ནི། སྐྱེ་ཁམས་བཟང་བའི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་བའི་ཞི་མཐུན་སྙན་དབྱངས་དེའོ།

གྲོང་ཚོ་ཨུ་ལྷན་གྱི་སྤྱི་བསྒྲགས་སྒྲོམ་ངོས་ནས། དམངས་འཚོའི་རྒྱུགས་ལན་ཞེས་པར་འབོད་པའི་བརྗེད་བྱང་ལ་ཡིད་དབང་རབ་ཏུ་འཕྲོག བློ་བཟང་ཡོན་ཏན་གྱིས་དེར་མཛུབ་མོ་བཙུགས་ཏེ། ས་སྟོང་ས་རྒོད་མུའུ་560གཅིག་སྡུད་གསར་སྤེལ་བྱས་པ་ཞེས་པ་འདི་ནི། ཐོག་མའི་འགོ་འཛུགས་ས་ཙམ་རེད། ང་ཚོས་ཏང་འཛུགས་སྐྱོང་ལྟེ་བར་བྱས་ཏེ། ཕྱོགས་བསྡུས་ལེགས་བཅོས་ལ་ཕྱོགས་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱུང་བ་དང་། ད་ལྟའི་ཆར། ལྟེ་བ་གཅིག་དང་འབྲེལ་སྣེ་མང་བའི་བཅོས་སྐྱོང་གྲུབ་ཆ་འཛུགས་སྐྱོང་བྱས་ཐོག བཅོས་སྐྱོང་གནད་སྨིན་འདུ་ཤེས་ལག་བསྟར་སྒོས། ཕྱོགས་མང་སྐུལ་སློང་གི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཕྱོགས་ཀུན་དར་རྒྱས་ཀྱི་ངེས་གནས་འཕྲོ་སྐྱེད་ཐུབ་པ་དང་། ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་ནུས་དང་། བྱ་ཐབས། འགུལ་ནུས། ཕན་འབྲས་བཅས་ལེགས་སུ་སོང་ཡོད། ཕྱོགས་བསྡུས་ལེགས་བཅོས་ཀྱི་དཔེ་གཞི་འདི་ནི་ཤག་ལྷོ་གྲོང་ཚོའི་ལག་ལེན་བསྟར་འབྲས་ཤིག་ཡིན་གཤིས། དེ་ལས། ང་ཚོར་འཕེལ་རྒྱས་དང་བརྟན་ལྷིང་ཕན་ཚུན་དོ་སྙོམས་ལེགས་ཤོས་སུ་གཏོང་ཐབས་རྙེད་བྱུང་། སླད་ཀྱི་དུས་ཚོད་ནང་། ལྗོངས་ཀྱི་གྲོང་གསེབ་སྔར་བས་མང་བར་ཉམས་མྱོང་ཏོག་ཙམ་སྐྱེས་སུ་འབུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བློ་རྩ་བརྟན་པོས་བརྗོད།

ལྗང་ལྗང་རྩྭ་འཇམ་སྤང་ལྗོངས་ཡངས་པ་ལ། །བཞོན་མའི་གསོ་ཚགས་སེམས་ཁྲལ་ག་ལ་དགོས། །གྲོང་གསེབ་དར་རྒྱས་གསོ་ཚགས་ཐོན་ལས་དར། །བློ་བཟང་ཡོན་ཏན་སྤྲོ་སྣང་རབ་ཏུ་འཕེལ། །ཐོག་མའི་བཞོན་མ་མགོ་གྲངས་ཁ་ཤས་ནས་ད་ལྟའི་76བར་འཕེར་བ་མ་ཟད། འདམ་རའི་སྤང་ལྗོངས་ཐོག་བཞོན་མ་སྐྱེས་ཁམས་སྲུང་སྐྱོང་ལ་བལྟོས་ནས་འཚོ་རེས་བྱས་པར། ན་ནིང་ཁོ་ནར་འབབ་གཏོད་སྒོར་ཁྲི་5ཟིན་སོང་ཞེས་བློ་བཟང་ཡོན་ཏན་གྱིས་འདི་ལྟར་གླེང་། གསོ་ཚགས་ཐོན་ལས་དར་བའི་རྒྱུ་རྐྱེན་གཙོ་བོ་ནི། ཏང་འཛུགས་སྐྱོང་དང་། ཐོན་ལས། ཞིང་འབྲོག་མང་ཚོགས་བཅས་ཕན་ཚུན་སྣོལ་མའི་དཔེ་གཞིར་ཐུག་པ་སྟེ། ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་གཙོ་བོར་བྱས་ཤིང་། དེའི་ཁར་བཞོན་མ་གསོ་ཚགས་དང་། བོད་བྱ་གསོ་ཚགས། སྦྲང་ནོར་བུ་གསོ་ཚགས། གཟན་རྩྭ་ལས་སྣོན། ས་ཞིང་བོགས་གཏོང་བཅས་ཁྱབ་ཁོངས་མང་དག་གི་འདེགས་སྐྱོར་ཡོད་པས། མཉམ་ལས་ཁང་དེ་ཉིད་ས་མཐོའི་ཞིང་ལས་དེང་རབས་ཅན་གྱི་སྒུལ་ནུས་གསར་པར་བསྒྱུར་ཡོད་པ་རེད། མིག་སྔར། རྨོ་འདེབས་འཕྲུལ་ཆས་ཅན་དུ་བསྒྱུར་ཚད་བརྒྱ་ཆ་95ཟིན་ཞིང་། ས་ཞིང་མུའུ་1300ཡོད་པ་དག་གཞི་རྩའི་རྨོ་ཞིང་གི་འཛུགས་སྐྱོང་ཚད་གཞིར་སླེབས་པ་དང་། ཞིང་འབྲོག་མང་ཚོགས་ཁྱིམ་དུད་180ཙམ་ལ་ཕན་ཁེ་ཐོབ་ཡོད།

སེར་མདོག་པད་ཞིང་མཚར་སྡུག་རྣམ་པར་བཀྲ། གྲོང་མི་པད་མ་སྒྲོལ་དཀར་གྱིས་ཞིང་ཁའི་ཟུར་ཀྲོང་ངེར་ལངས་ཏེ། ངོ་གདོང་ནས་འཛུམ་མདངས་འཕྱུར་ནས་བརྗོད་དོན། སྤྱི་ཁྱབ་ཏང་ཀྲེ་པུའུ་ཡིས་རང་དཔེ་གཞན་སྟོན་སྒོ་ནས་ང་ཚོར་བློ་གཅིག་སེམས་གཅིག་གིས་ཞབས་ཞུ་བསྒྲུབ་གནང་བས། འཚོ་བ་ཉིན་རེ་ལས་མི་འདས་པར་ཡག་ཏུ་ཡག་ཏུ་རེད། སྐྱིད་སྣང་ཆེན་པོ་འདུག ཁོང་མོའི་དགོད་སྒྲ་ནི་ཐོན་ལས་དར་རྒྱས་བྱུང་བའི་ལན་ཆ་ཡག་ཤོས་འདི་རེད།

པད་ཁའི་སྡོང་པོས་མགོ་ཅོག་ལྡེམ་ལྡེམ་རེ། །སྙན་པའི་གླུ་དབྱངས་ཞིང་ཐང་མུ་ཁར་འཐུལ། །ལུས་ལ་བོད་ཆས་ཀྱིས་བརྒྱན་པའི་གླུ་དང་གར་ལ་བྱང་བའི་སྒྱུ་རྩལ་པ་བཞི་ཡིས། པད་ཁའི་མེ་ཏོག་སེར་ལྡེམ་ལྡེམ་འཁྱིལ་བའི་ཞིང་ཐང་ཟུར་ནས་འབྲས་དཀར་འཁྲབ་སྟོན་འདི་ལྟར་བྱས་པ་སྟེ། ཤེས་བྱའི་རྒྱ་མཚོར་འབུངས་པའི་སློབ་མ་ཡག །རྨོ་འདེབས་ལས་ལ་ཞུགས་པའི་ཞིང་པ་ཡག །འཁྲི་འགན་ལྷུར་བླངས་ཏན་ཡོན་ལས་བྱེད་ཡག །མངའ་ཁོངས་སྲུང་མཁན་མི་དམངས་དཔོན་དམག་ཡག །མ་གཞི་ལས་གནས་གཅིག་མཚུངས་མིན་ན་ཡང་། །ལེགས་སྐྱེས་འདྲ་འདྲ་ཕུལ་བ་ཨེ་མ་མཚར། །ལཱ་ཧེ་ཧེ། །ཞེས་སོ།

འདི་ནི། ང་ཚོ་རང་གིས་བརྩམས་པའི་འབྲས་དཀར་མི་རིགས་མཐུན་སྒྲིལ་ལ་བསྟོད་ཅེས་པ་དེ་ཡིན། སྲིད་ཇུས་བཟང་པོ་མང་ཚོགས་ཚོས་གོ་བདེ་བའི་ཆེད་དུ་ང་ཚོས་འབྲས་དཀར་ལམ་ནས་འཁྲབ་སྟོན་བྱེད་ཀྱི་ཡོད། གྲོང་ཚོ་ཙམ་མ་ཟད། རྫོང་ནང་དུ་བསྐྱོད་ནས་འཁྲབ་པས། ཚང་མས་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག་ཅེས་ཤག་ལྷོ་གྲོང་ཚོའི་སྤྱི་ཁྱབ་ཏང་ཀྲེ་པུའུ་ཧྲུའུ་ཅི་སྐལ་བཟང་བསྟན་འཛིན་གྱིས་སྤོབས་སེམས་ཆེན་པོ་འདི་ལྟར་གླེང་། ཁོང་ནི་གསར་བརྗེའི་འབྲས་དཀར་རུ་ཁག་གི་རུ་མི་ཞིག་ཀྱང་ཡིན།

འབྲས་དཀར་འཁྲབ་སྟོན་ཚར་མ་ཐག མི་རིང་བའི་ཞིང་ཐང་མུ་ཁར་པང་གདན་འཇའ་རིས་ཤིག་ཤིག་ཞེས་པའི་ཨ་ཅག་ལགས་5ཡིས། རང་རྩོམ་རང་གྱེར་ཅན་གྱི་གསར་བརྗེའི་གླུ་གཞས་གུང་ཁྲན་ཏང་ཡག་ཅེས་པ་འདི་ལེན་འགོ་ཚུགས། གདངས་སྙན་ཞིང་གླུ་ཚིག་བརྩེ་བས་བཅིངས། རྣ་བ་གཏད་ནས་ཉན་ན། སེར་མདོག་ཞིང་ཐང་ནས་ས་མཐོའི་བུ་ཕྲུག་ཚོས་ཏང་གི་དྲིན་ཚོར་བའི་ལྷག་བསམ་དང་ཏང་གི་རྗེས་སུ་ནམ་ཡང་འབྲང་རྒྱུའི་དད་འདུན་བཙན་པོ་རང་ཤུགས་སུ་རྟོགས་ཐུབ།

ཨེ་མ་སྨྲས་པར།

རྟ་བདུན་དབང་པོ་ལྷུན་པོའི་སྤོ་ནས་ཕེབས། །བ་ཚང་ཐོག་ཁེབས་ལྕགས་ཤོག་ཡོངས་སུ་གྲུབ། །བྱ་བྱིའུ་གྲེ་འགྱུར་སྣ་ཚོགས་སྒྲོག་པའི་ཁྲོད། །ལས་སྣོན་འཕྲུལ་ཆས་འཁུན་སྒྲ་ཅི་ལས་གསལ། །གསར་བརྗེའི་འབྲས་དཀར་འཁྲབ་སྟོན་སྨོན་ཚིག་ཁྲོད། །ཤག་ལྷོ་གྲོང་ནས་རྟེན་འབྲེལ་ཆེན་མོ་བསུ། ། གྲོང་གསེབ་དར་རྒྱས་རྒྱང་ལམ་གསར་པའི་སྟེང་། །ཏང་དར་ལྷབ་ལྷུབ་གཡོ་བའི་ཆུ་གསུམ་ནས། །སྐྱེ་ཁམས་བཟང་ཞིང་ཐོན་ལས་དར་རྒྱས་མངོན། །

ཡེ་ཤེས་བཟང་མོ་དང་བདེ་སྐྱིད་དཔལ་སྒྲོལ་གྱིས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
བོད་ལྗོངས་ཧུང་ནུང་གིས་ས་མཐོར་བྱ་གསོའི་ལས་ལ་གཞོལ།
ཆུ་གསུམ་ཤག་ལྷོ་གྲོང་ཚོ་ནས་འབྲས་དཀར་བཤད་པ་འདི་ལྟར་ཕུལ།