གཏན་ནོར་ཁེ་དབང་ལག་ཁྱེར་གཞི་ནས་ལག་པར་རག་བྱུང་། སེམས་ནང་བརྗོད་མི་ཤེས་པའི་དགའ་སྣང་ཆེན་པོ་འདུག་ཅེས་གྲོང་མི་ནོར་བུས་འདི་ལྟར་གླེང་། དེ་སྔ། ནོར་བུས་ལག་ཁྱེར་འདི་རག་པའི་ཆེད་གང་སར་རྒྱུག་ཀྱང་གཉེར་སྒྲུབ་ཐུབ་མེད། དོན་དག་གཅིག་ལ་གྲོས་མོལ་གཅིག་སོགས་དམངས་ཕན་སྲིད་ཇུས་གཅིག་རྗེས་གཉིས་མཐུད་ངང་བཏོན་རྗེས། ཁོ་པའི་སེམས་ཁྲལ་ཡོངས་སུ་སེལ་ཐུབ་པ་བྱུང་བ་རེད།
ཟླ་4པའི་ཚེས་8ཉིན། ནོར་བུས་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་བསྐྱོད་ནས་གཏན་ནོར་ཐོ་འགོད་བྱེད་སའི་སྐར་ཁུང་བརྒྱུད་གཏན་ནོར་ཁེ་དབང་གྱི་ལག་ཁྱེར་གཉེར་སྒྲུབ་བདེ་བླག་བྱུང་བ་རེད། ངས་གཟའ་འཁོར་གོང་མར་དཔྱད་ཡིག་རྩིས་འབུལ་ཞུས་ཙམ་ཡིན། ད་རེས་གཟའ་འཁོར་ནང་ལག་ཁྱེར་རག་བྱུང་། ལག་ཁྱེར་གཉེར་སྒྲུབ་ཀྱི་ལས་རིམ་སྟབས་བདེ་བའི་ཁར་ལས་ཕྱོད་ཆེ་བར་འགྱུར་འདུག འདི་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཁ་བྲལ་ཐབས་མེད་པས། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་རང་ཡིན་ཞེས་ནོར་བུས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་བརྗོད།
གསེར་ཕོར་དངུལ་ཕོར་རག་པ་ལས་དམངས་ཀྱི་གདེང་འཇོག་བཟང་ན་དགའ། མང་ཚོགས་ཀྱི་གདེང་འཇོག་དང་ཁས་ལེན་བཟང་ན། དངོས་གནས་ཡག་པོ་ཡོད་པ་རྩོད་མེད་རེད། གཏན་ནོར་ཐོ་འགོད་བྱེད་སའི་སྐར་ཁུང་ནས་གསར་འགོད་པས་མཐོང་གསལ། ལས་དོན་མི་སྣས་ངང་རྒྱུད་རིང་པོའི་སྒོ་ནས་ལག་ཁྱེར་གཉེར་བར་ཡོང་མཁན་གྱི་གྲོང་མི་ཚོའི་དོགས་གནད་ལ་གསལ་འགྲེལ་རྒྱག་གིན། སྒྲིག་སྲོལ་ཡག་པོ་དང་ལྡན་པའི་ངང་ནས་དཔྱད་ཡིག་གོ་བསྡུར་དང་ཐོ་འགོད་སོགས་ཀྱི་ལས་དོན་བསྒྲུབ་མཐར། གོ་རིམ་བཞིན་ལག་ཁྱེར་སྤྲོད་ཀྱི་འདུག གྲོང་མི་ཚོས་ཕྱི་ཤོག་དམར་པོའི་ལག་ཁྱེར་རག་རྗེས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དང་ལས་དོན་མི་སྣའི་ལས་ཕྱོད་ཆེ་བའི་ཞབས་ཞུར་མཐེ་བོང་བསྒྲེངས་ཀྱི་འདུག
དེ་སྔོན་ཡིན་ན། ལོ་རྒྱུས་གནད་དོན་རྐྱེན་པས་གཏན་ནོར་ཐོ་འགོད་བྱེད་དཀའ་བ་ལས། བུ་ཕྲུག་སློབ་གྲྭར་འགྲོ་བ་དང་སྡོད་ཁང་ཉོ་ཚོང་སོགས་ལ་ཤུགས་རྐྱེན་ཐེབས། དོན་དེ་མང་ཚོགས་དང་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱེད་ཡུལ་དུ་འགྱུར་ཡོད།
གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་མཐོང་ཆེན་འོག མང་ཚོགས་ཀྱི་བྱ་བ་ཅི་ཡིན་རུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། མང་ཚོགས་ཀྱིས་རེ་འབོད་བྱས་པའི་གཏན་ནོར་ཁེ་དབང་ལག་ཁྱེར་གཉེར་སྒྲུབ་ཀྱི་གནད་དོན་ལ་དམིགས་ཏེ། གྲོང་ཨུད་རྒྱུན་ཨུད་ཚོགས་འདུ་དང་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་སོགས་ཀྱི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། དུས་ཐོག་ཏུ་གྲོང་ཁྱེར་སྲིད་གཞུང་གི་ལས་འགན་ཁག་བགོས་འགོ་ཁྲིད་ཙུའུ་ཀྲང་དུ་བསྐོ་བཞག་བྱས་ཤིང་། གྲོང་ཁྱེར་རྩོད་གླེང་ཐག་གཅོད་ལྟེ་གནས་ཀྱི་གཙོ་བོ་བྱས་པའི་གྲོང་ཁྱེར་ནང་ཁུལ་ས་ཁང་ཁེ་དབང་ལག་ཁྱེར་སྐོར་གྱི་ཡིག་བསྐུར་ངོ་བཅར་དང་འབྲེལ་བའི་གནད་དོན་འབུར་ཐོན་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་པ་མ་ཟད། ལས་དོན་ཆེད་སྒྲུབ་ཚོ་ཆུང་བཙུགས་ཐོག དོན་དག་གཅིག་ལ་གྲོས་མོལ་གཅིག་ཅན་གྱི་ཐག་གཅོད་ལྟེ་གནས་ཀྱི་གྲོང་ཁྱེར་ནང་ཁུལ་ས་ཁང་ཁེ་དབང་ལག་ཁྱེར་སྐོར་གྱི་ཡིག་བསྐུར་ངོ་བཅར་དང་འབྲེལ་བའི་འབུར་ཐོན་གནད་དོན་ལས་ཀའི་ཇུས་གཞི་སོགས་ཀྱི་ཡིག་ཆ་བཏོན་པ་དང་། ལས་འགན་ཁག་དབྱེ་གསེས་དང་ཞིབ་ཕྲ་ཅན་དུ་བཏང་ནས་ཉིན་རེའི་སྙན་ཞུ་དང་གཟའ་འཁོར་རེའི་འགུལ་རྣམ། ཟླ་རེའི་ཕྱོགས་བསྡོམ་བཅས་ཀྱི་ལས་ཐབས་ལག་བསྟར་བྱས་པ་དང་། དུས་མཚུངས་སུ་འགོ་ཁྲིད་ཚོ་ཆུང་གིས་དུས་ངེས་མེད་ནང་བཀོད་གཏོང་གི་ལམ་ལུགས་དོན་འཁྱོལ་གྱིས་ལྟ་སྐུལ་རྗེས་སྙེག་བྱས་པས། དངོས་དངོས་རྗེན་རྗེན་གྱི་ལག་ཁྱེར་གཉེར་སྒྲུབ་ཀྱི་ཕན་འབྲས་ལས་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་བཏང་ཡོད་པ་རེད།
གྲོང་ཁྱེར་རྩོད་གླེང་ཐག་གཅོད་ལྟེ་གནས་ཀྱི་གྲོང་ཁྱེར་ནང་ཁུལ་ས་ཁང་ཁེ་དབང་ལག་ཁྱེར་སྐོར་གྱི་ཡིག་བསྐུར་ངོ་བཅར་དང་འབྲེལ་བའི་གནད་དོན་འབུར་ཐོན་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དུ། ལས་དོན་མི་སྣས་ལོ་རྒྱུས་གནད་དོན་རྐྱེན་པས་ལག་ཁྱེར་གཉེར་སྒྲུབ་དཀའ་བའི་གནད་དོན་གྱི་གསལ་ཐོར་གོ་རིམ་མི་འཛོལ་བར་དབྱེ་གསེས་བཏང་སྟེ། གནད་དོན་མི་འདྲ་བའི་རྐྱེན་ཁུངས་འཚོལ་བཤེར་ཐོག ཐག་གཅོད་ཀྱི་བྱ་ཐབས་ཞིབ་འཇུག་ནན་ཏན་བྱེད་བཞིན་ལས་བྲེལ་གྱིས་ཁེངས་འདུག
གཞུང་ལས་ཁང་གི་འགན་འཁུར་བ་སྐལ་ཆོས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་ནང་ཁུལ་གྱི་ཁུལ་ཆུང་13ཙམ་གྱི་ལོ་རྒྱུས་རྐྱེན་པས་ལག་ཁྱེར་གཉེར་སྒྲུབ་དཀའ་བའི་གནས་ཚུལ་ལ་དམིགས་ཏེ། ལས་དོན་མི་སྣས་སྔ་རྗེས་སུ་ཁུལ་ཆུང་ཁག་ཏུ་བསྐྱོད་ཐོག་ཕྱོགས་ཡོངས་ནས་མཐིལ་རྟོགས་རྒྱུས་ལོན་བྱས་ཤིང་། ད་དུང་ཁང་བདག་དང་འབྲེལ་ཡོད་གནས་ཚུལ་གོ་བསྡུར་ཞིབ་ཚགས་བྱས་པ་བརྒྱུད། རིགས་སོ་སོ་དང་ངོ་བོ་གཏན་འཁེལ། ཐོ་འགོད་དཔྱད་ཡིག་བཟོ་སྒྲིག་བཅས་ཀྱི་ཐོག དོན་དག་གཅིག་ལ་གྲོས་མོལ་གཅིག་གི་རྩ་དོན་གཞིར་བཟུང་དམིགས་གཏད་རང་བཞིན་ཆེ་བའི་ཐག་གཅོད་ཇུས་གཞི་བཏོན་ཡོད། ད་དུང་མང་ཚོགས་ཚོར་ལག་ཁྱེར་གཉེར་སྒྲུབ་ཀྱི་སྲིད་ཇུས་དང་ལས་གཉེར་འགྲོ་ལུགས་ཁྱབ་གདལ་སྣ་ཚོགས་བྱས་ནས་ལས་འགན་ཁག་གཏན་འཁེལ་བྱས་པའི་དུས་ཚོད་ནང་སྐུལ་འདེད་ཐུབ་རྒྱུར་འགན་ལེན་བྱས་ཡོད།
དམངས་ཆེད་ལག་ཁྱེར་གཉེར་སྒྲུབ་བྱེད་རྒྱུ་འདི་ནི། མང་ཚོགས་ཀྱི་རེ་འབོད་དང་སྲིད་ཇུས་ཁྲིམས་སྲོལ་གཉིས་མཉམ་དུ་དཀྲོལ་བའི་ཞི་མཐུན་གླུ་དབྱངས་ཁྲོད་འཚོལ་བའི་དབྱངས་རྟ་ལྟ་བུ་ཞིག་ཡིན་གཤིས། གཅིག་ནས་དམངས་ཀྱི་རེ་སྒུག་རྔ་སྒྲར་བསྟུན་ཐུབ་པ་ཞིག་དགོས་ལ། གཉིས་ནས་སྲིད་ཇུས་ཁྲིམས་སྲོལ་གྱི་བྲོའི་གར་སྟབས་དང་བསྟུན་ཐུབ་པ་ཞིག་དགོས། ལྷག་བསྡད་པའི་གནད་དོན་ལ་དམིགས་ཏེ། ངེད་གྲོང་ཁྱེར་གྱི་ཇུས་གཞི་ལག་བསྟར་ཚན་རིག་དང་མཐུན་པ་བྱས་ཏེ། ལག་ཁྱེར་དང་ཁྲལ་འཇལ་ཁག་དབྱེ་ཞེས་པ་དང་མང་ཚོགས་ལ་ཉེས་ཁག་མེད་ན་ལག་ཁྱེར་གཉེར་སྒྲུབ་བྱེད་ཅེས་པའི་ལས་ཀའི་རྩ་དོན་གཞིར་བཟུང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྒྲོམ་གཞིའི་ནང་ལས་རིམ་ཁུ་བསྡུས་སུ་བཏང་བ་དང་། སྡེ་ཚན་བར་བརྒལ་གྱི་མཉམ་འགུལ་དང་དཀྱུས་མཐུན་འཕྲེད་སྦྱོར་ལ་ཤུགས་སྣོན་རྒྱག་པ། རིམ་དབྱེའི་འགན་འཁྲི་དོན་འཁྱོལ་བཅས་ཀྱི་ཐོག་ནས་སེམས་ནུས་གཅིག་བསྒྲིལ་གྱིས་ས་ཁང་ཁེ་དབང་ལག་ཁྱེར་གཉེར་སྒྲུབ་ཁྲོད་ལོ་རྒྱུས་རྐྱེན་པས་གནད་དོན་མཐའ་དག་ཐག་གཅོད་བྱས་མཐར། གཏན་ནོར་ཁེ་དབང་ལས་གཉེར་དུས་ཐོག་རག་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད།
གཏན་ནོར་ཁེ་དབང་ཐོ་འགོད་ཀྱི་ལག་ཁྱེར་དང་ཁྲལ་འཇལ་ཁག་དབྱེའི་སྲིད་ཇུས་ལག་ལེན་དུ་བསྟར་བ་ལས། ཁེ་ལས་ཚོར་འཕྲད་པའི་དཀའ་ཁག་ཐག་གཅོད་ཐུབ་ཕྱིར་ཐབས་ལམ་ནུས་ལྡན་ཞིག་མཁོ་འདོན་བྱས་ཡོད་པ་རེད།
ལྷོ་ཁའི་གྲོང་ཁྱེར་མ་འཇོག་ཀུང་སིའི་ཅིང་ལི་གཞོན་པ་ཟླ་བས། བསམ་སྐྱིད་གླིང་ཁུལ་ཆུང་རྣམ་གྲངས་ཕྱིར་འཚོང་དུས་ཚོད་ཅུང་སྔ་ཙམ་ཡིན་ཀྱང་། ལོ་རྒྱུས་རྐྱེན་པས་གནད་དོན་དང་རང་ངོས་གནད་དོན་སོགས་ཀྱིས། ཁང་བདག་ལ་ས་ཁང་ཁེ་དབང་ལག་ཁྱེར་ད་བར་གཉེར་སྒྲུབ་ཐུབ་མེད་པ་རེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞིབ་འཇུག་བརྒྱུད། ལག་ཁྱེར་དང་ཁྲལ་འཇལ་ཁག་དབྱེའི་རྩ་དོན་གཞིར་བཟུང་ཁང་བདག་ཚོར་སྔོན་ལ་ལག་ཁྱེར་གཉེར་སྒྲུབ་བྱེད་རྒྱུའི་གྲོས་ཐག་བཅད་པས། ཁེ་ལས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད། གོམ་སྟབས་རྗེས་མར། ཀུང་སིས་གྲོང་ཁྱེར་ལས་དོན་ཆེད་སྒྲུབ་གཞུང་ལས་ཁང་གི་རེ་འདུན་གཞིར་བཟུང་། རང་འགུལ་ངང་རྒྱལ་དབང་ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་བྱས་ཐོག གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་ཁུལ་ཆུང་གི་ཁང་པའི་ལག་ཁྱེར་གཉེར་སྒྲུབ་ལས་དོན་ལ་སྐུལ་འདེད་མྱུར་པོ་གཏོང་བཞིན་ཡོད་ཅེས་བརྗོད།
བོད་ལྗོངས་གཙང་ལྷོ་ས་ཁང་ཐོན་སྐྱེད་འགན་འཁྲི་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་དུ། ལས་དོན་མི་སྣས་བརྟན་ནོར་ཁེ་དབང་ལག་ཁྱེར་100ལྷག་ལ་དབྱེ་གསེས་གཏོང་བཞིན་མཆིས། ལག་ཁྱེར་འདི་དག་ནི་ཁང་བདག་ཚོའི་ཁེ་དབང་དང་ཐད་ཀར་འབྲེལ་བ་ཡོད་པ་ཤ་སྟག་ཡིན་ཞིང་། མི་རིང་བའི་དུས་སུ། ལག་ཁྱེར་འདི་དག་བདེ་སྐྱིད་ཁྱིམ་གཞིས་ལ་འབོད་པའི་ཁུལ་ཆུང་གི་ཁང་བདག་ཚོའི་ལག་པར་སྤྲོད་རྒྱུ་ཡིན་པ་རེད།
གསར་སྤེལ་བྱེད་མཁན་ཁེ་ལས་ཤིག་ཡིན་པའི་ངོས་ནས། ང་ཚོས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མང་ཚོགས་ཉེ་འཁོར་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་གནང་བཞིན་ཡོད་པ་མྱོང་ཚོར་ཟབ་མོ་བྱུང་། ལྷག་པར་དུ་གྲོང་ཁྱེར་ལས་དོན་ཆེད་སྒྲུབ་གཞུང་ལས་ཁང་གིས་ཐབས་ཇུས་བཀོད་སྒྲིག་ནན་ཏན་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ལ་སྐུལ་འདེད་བརྒྱུད། མང་ཚོགས་ཀྱི་ལག་ཁྱེར་གཉེར་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱུང་སོང་ལ། ཁེ་ལས་ལ་རོགས་རམ་གནང་ནས་ཁུར་པོ་མེད་པ་བཟོས་པས། ང་ཚོས་རྗེས་མཐུད་རྣམ་གྲངས་གསར་སྤེལ་ལ་བལྟོས་ནས་ནུས་ཤུགས་སྔར་བས་ཆེ་བ་འདོན་རྒྱུར་སེམས་ཤུགས་སྐྱེད་བྱུང་། མིག་སྔར། བདེ་སྐྱིད་ཁྱིམ་གཞིས་ཁུལ་ཆུང་གི་ཁང་བདག་716གི་ཁང་པའི་གཏན་ནོར་ཁེ་དབང་ལག་ཁྱེར་གཉེར་སྒྲུབ་ལས་དོན་ལེགས་གྲུབ་ཟིན་ཞིང་། གོམ་སྟབས་རྗེས་མར་ང་ཚོས་ལྷག་འཕྲོ་འདི་དག་མཐུན་སྦྱོར་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཁང་བདག་ཚོར་སྔ་ཙམ་ནས་ལག་ཁྱེར་རག་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད་ཅེས་བོད་ལྗོངས་གཙང་ལྷོ་ས་ཁང་ཐོན་སྐྱེད་འགན་འཁྲི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཙེང་ཁྲའོ་ཡིས་འདི་ལྟར་བརྗོད།
མིག་སྔར། ངེད་གྲོང་ཁྱེར་གྱིས་སྲིད་གཞུང་གི་རང་འགུལ་དང་ཚན་པའི་མཉམ་འགུལ་གྱི་ལས་སྒྲུབ་ལམ་སྲོལ་གཞིར་བཟུང་། ལག་ཁྱེར་དང་ཁྲལ་འཇལ་ཁག་དབྱེ་དང་མང་ཚོགས་ལ་ཉེས་ཁག་མེད་ན་ལག་ཁྱེར་གཉེར་སྒྲུབ་བྱེད་པའི་རྩ་དོན་དུ་བཟུང་སྟེ། སྡོད་གནས་ཁུལ་ཆུང་5ཡི་ལག་ཁྱེར་གཉེར་སྒྲུབ་གནད་དོན་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་སྒྲིག་སྲོལ་ལྟར་གཏོང་བཞིན་ཡོད་ཅིང་། ད་བར་གཏན་ནོར་ཁེ་དབང་ལག་ཁྱེར་1457སྤྲད་ཟིན་པས། མང་ཚོགས་ཀྱི་སེམས་ཁྲལ་སེལ་ཐུབ་པ་བྱུང་ཡོད།
སྐལ་ཆོས་ཀྱིས་ཆོད་སེམས་བསྟན་དོན། གོམ་སྟབས་རྗེས་མར། ཆེད་སྒྲུབ་གཞུང་ལས་ཁང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་འོག འགོ་ཁྲིད་ཚོ་ཆུང་གི་བཀོད་སྒྲིག་རེ་འདུན་དོན་འཁྱོལ་ཡག་པོ་བྱས་ཏེ། འཆར་གཞི་ལྟར་སྡོད་གནས་ཁུལ་ཆུང་གི་ལོ་རྒྱུས་རྐྱེན་པའི་གནད་དོན་ལྷག་འཕྲོ་དག་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་མྱུར་པོ་གཏོང་བ་དང་སྦྲགས། རྒྱ་ཆེའི་གྲོང་མི་མང་ཚོགས་ཚོའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་རྒྱུ་ཡིན་ལ། མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་བཞེས་མྱོང་ཚོར་ཐུབ་པ་བྱས་ནས། ཚང་མའི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་མཐོར་འདེགས་བྱ་རྒྱུ་ཡིན།
དམངས་བདེའི་སྡོད་གནས་གལ་འགངས་ཆེ། གཏན་ནོར་ཁེ་དབང་ལག་ཁྱེར་ཆུང་ཡང་ཁྱིམ་ཚང་ཁྲི་སྟོང་མང་པོའི་དམངས་འཚོ་དང་འབྲེལ། དཀའ་ཁག་གནད་དོན་རེ་རེ་འགག་སྒྲོལ་ཐུབ་པ་དང་བསྟུན། ལོ་རྒྱུས་རྐྱེན་པའི་གནད་དོན་དག་ཐག་གཅོད་ཡག་པོ་ཐུབ་ཡོད་པ་མ་ཟད། མང་ཚོགས་སྔར་བས་མང་བར་རང་ཉིད་ལ་དབང་བའི་ལ་ལག་ཁྱེར་རག་པས། རང་བདག་ཁང་པའི་ནང་ཐུགས་བློ་བདེ་པོས་སྡོད་རྒྱུ་བྱུང་བ་རེད། །
བསོད་བདེ་ཡེས་ཞུས།
འདི་ནི་གཏན་ནོར་ཐོ་འགོད་བྱེད་སའི་སྐར་ཁུང་གི་ལས་དོན་མི་སྣས་གྲོང་མི་ཚོར་ལག་ཁྱེར་སྤྲོད་བཞིན་པ།
འདི་ནི་གྲོང་མིས་རང་ཉིད་ལ་རག་པའི་གཏན་ནོར་ཁེ་དབང་ལག་ཁྱེར་སྟོན་བཞིན་པ།
འདི་ནི་བོད་ལྗོངས་ལྷོ་ཁ་གཙང་ལྷོ་ས་ཁང་ཐོན་སྐྱེད་འགན་འཁྲི་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་གཏན་ནོར་ཁེ་དབང་ལག་ཁྱེར་རིགས་དབྱེ་བཞིན་པ།